[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • བོད་ཀྱི་གྲགས་ཅན་རྩོམ་པ་པོ་གླང་མདུན་དཔལ་འབྱོར་དང་ཁོང་གི་རྩོམ་འབྲིའི་མྱོང་ཚོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-24

    QQ截图20190524154614.jpg

    ངོ་སྤྲོད་མདོར་བསྡུས།

    གླང་མདུན་དཔལ་འབྱོར་ལགས་ནི། 1941ལོའི་ཟླ་11པར་བོད་ལྗོངས་ཀྱི་གྲོང་ཁྱེར་ལྷ་ས་རུ་འཁྲུངས་ཤིང་། 1959ལོར་ཀྲུང་དབྱང་མི་རིགས་སློབ་གླིང་ནས་སློབ་མཐར་ཕྱིན་ལ། ཁོང་གིས་1980ལོར《བོད་ཀྱི་རྩོམ་རིག་སྒྱུ་རྩལ》འདོན་ཐེངས་འགོ་མའི་སྟེང《གསར་བཞག་རིག་གནས་དཔྱིད་དཔལ་ལ་བསྟོད་པ》ཞེས་པའི་བརྩམས་ཆོས་ཐོག་མ་སྤེལ་བ་ནས་བཟུང་། 《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》དང《གཙུག་གཡུ》སོགས་བརྩམས་ཆོས་སྤུས་དག་སྐོར་ཞིག་རྩོམ་འབྲི་གནང་ཞིང་། གོང་གསལ་བརྩམས་ཆོས་ལ་སོ་སོར་ཞིང་ཆེན་དང་ལྗོངས་ལྔའི་གསར་རྩོམ་བྱ་དགའ་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་བྱ་དགའ། བོད་རང་སྐྱོང་ལྗོངས་ཀྱི་རྩོམ་རིག་གསར་རྩོམ་བྱ་དགའ་ཨང་དང་པོ་བཅས་ཐོབ་མྱོང་། གླང་མདུན་དཔལ་འབྱོར་ལགས་ཀྱིས་ད་ལྟ་གྲོང་ཁྱེར་ལྷ་སའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་།རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་རང་སྐྱོང་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན། ཀྱུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་བཞེས་མུས་སུ་མཆིས།

    རྩོམ་འབྲིའི་མྱོང་ཚོར།

    16194SxdBm0_b.jpg

    ལོ་རབས་ལྔ་བཅུ་པའི་ནང་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭར་སློབ་སྦྱོང་བྱེད་རིང་རྒྱལ་ཕྱི་རྒྱལ་ནང་གི་གྲགས་ཅན་སྒྲུང་གཏམ་མི་ཉུང་བ་ཞིག་ལ་བལྟས་པ་དང་། དེ་ཚོའི་ནང་དོན་དང་།རྩོམ་ཚུལ་གྱི་སྒྱུ་རྩལ། དེ་བཞིན་མི་སེམས་འགུལ་བའི་ཚིག་སྦྱོར་བཅས་ཀྱིས་ཡིད་དབང་རབ་ཏུ་འཕྲོག་པར་བྱས་ཏེ་སློབ་གསེང་དུ་ཡང་ཡང་སྒྲུང་གཏམ་ལ་བལྟ་དགོས་པ་ལྟ་བུར་གྱུར། རྗེས་སོར་ལས་ཀར་ཞུགས་རྗེས་ཀྱི་ལས་ཞོར་དང་། ཡང་ན“རིག་གནས་གསར་བརྗེ”ཡི་དུས་སུ་ཞིང་རར་ངལ་རྩོལ་བྱེད་པའི་ལོ་ཤས་རིང་གི་ལས་གསེང་དུ་སྐབས་དེར་དུག་རྩྭར་བརྩིས་ནས་བཀག་རྒྱ་བྱེད་པའི་བོད་ཡིག་གི་ལོ་རྒྱུས《དེབ་ཐེར་དཀར་པོ》སོགས་གཞན་ནས་བཤུས་ཏེ་ཞེད་སྣང་གིས་ལྐོག་ཏུ་བལྟས་པ། ལྷག་དོན་དུ《མི་ལ་རས་པའི་རྣམ་ཐར》དང《གཞོན་ནུ་དྲུག་གི་རྟོགས་བརྗོད》《གཞོན་ནུ་ཟླ་མེད་གཏམ་རྒྱུད》སོགས་རྩོམ་རིག་གི་ཁྱད་རྩལ་ཤིན་ཏུ་ཆེ་བའི་ཕུལ་བྱུང་བརྩམས་ཆོས་མང་པོར་སློབ་སྤྱོང་བྱས་པ་བརྒྱུད་རང་རིགས་ཀྱི་མེས་པོ་རྣམས་ཀྱིས་སྒྱུ་རྩལ་གྱི་འོད་སྟོང་འཕྲོ་བའི་ཤུལ་བཞག་དེ་ལྟ་བུ་ལས། རྩོམ་རིག་གི་རང་བཞིན་དང་སྙན་འཇེབས་ཀྱི་ཚིག་སྦྱོར་སོགས་གང་གི་ཐད་ནས་ཀྱང་གཞན་ལ་ཡིད་སྨོན་སྐྱེས་ནས་རང་ཉིད་མོག་པོར་སྡོད་དགོས་པ་ཞིག་ཡེ་ནས་མ་ཡིན་སེམས་ལ། དེང་སྤྱོད་རྒྱུད་འཛིན་དང་གོང་འཕེལ་གཏོང་དགོས་པ་ཞིག་ཡིན་པ་ངོས་ཟིན་བྱུང་ནས། རང་ཉིད་ཀྱིས་བོད་ཡིག་ཐོག་ནས་འབྲི་རྩོམ་བྱ་རྒྱུའི་སློབ་སྤྱོང་བྱས་པ་ཡིན། སྐབས་དེར་རྩོམ་ཡིག་ཁ་ཤས་བྲིས་ཡོད་ཀྱང་དུས་དེབ་ཐོག་ཏུ་འགྲེམ་སྤེལ་བྱ་རྒྱུའི་བསམ་བློ་ལྟ་ཞོག གཞན་ལའང་སྟོན་མ་ཕོད་པར་མེ་ཕུང་དུ་བཏབ། རྗེས་སོར་བོད་ཀྱི《རྩོམ་རིག་སྒྱུ་རྩལ》གསར་འདོན་གནང་གྲབས་ཡོད་པ་ཐོས་འཕྲལ་ཚོད་ལྟ་ཞིག་བགྱིད་བསམ་ནས《གསར་བཞད་རིག་གནས་དཔྱིད་དཔལ་ལ་བསྟོད་པ》ཞེས་པའི་རྩོམ་ཡིག་ཅིག་བྲིས་ཏེ་རྩོམ་སྒྲིག་ཁང་ལ་ཕུལ། མི་རིང་བར《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་དང་པོའི་ཐོག་ཏུ་བཀོད་ནས་འགྲེམ་སྤེལ་བྱུང་བ་དེས་སྐུལ་མ་ཆེན་པོ་ཐེབས་པ་དང་། ཏང་གིས་ཡུན་རིང་གསོ་སྐྱོང་གནང་བ་ཆུད་ཟོས་སུ་མི་འགྲོབ། རྒྱ་ཆེའི་བོད་རིགས་ཀློག་པ་པོ་རྣམས་ལ་རང་ཉིད་ཀྱི་སྐད་ཡིག་གིས་བྲིས་པའི་ལྟ་དེབ་མང་ཙམ་ཡོང་བའི་སྐྱེས་སུ་འབུལ་བའི་སླད་དུ། སྤྱི་ལོ1980ལོར་ཟླ་བ3པ་ནས་འགོ་བཙུགས་ཏེ《གཙུག་གཡུ》ཞེས་པའི་སྒྲུང་གཏམ་རིང་གྲས་དེ་འབྲི་འགོ་བརྩམས་ལ། ལས་ཞོར་རང་དུ་བྲིས་ནས1983ལོའི་ཟླ11པར་རྫོགས་ཤིང་། 1984ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་མཛད་པ་རེད། སྒྲུང་གཏམ་འདི་ནི་བོད་ཞི་བའི་བཅིངས་བགྲོལ་བཏང་བ་ནས་བཟུང་། ཐད་ཀར་བོད་ཡིག་ཐོག་ནས་བྲིས་ཤིང་དངོས་སུ་དཔེ་སྐྲུན་བྱས་པའི་སྒྲུང་གཏམ་རིང་གྲས་ཨང་དང་པོ་དེ་ཡིན། མ་འགྱངས་པར་རྒྱ་ཡིག་དུ་བསྒྱུར་ཟིན་ཅིང《བོད་ཀྱི་རྩོམ་རིག》ཐོག་ཏུ་མུ་འབྲེལ་གྱིས་བཏོན་པ་དང་། དེང་སྐབས་ཕྱི་རྒྱལ་བས་ཁོང་ཚོའི་སྐད་ཡིག་དུ་བསྒྱུར་བཞིན་པ་རེད། སྒྲུང་འདིའི་བརྗོད་བྱ་གཙོ་ཆེ་བ་ནི་གྲོང་ཁྱེར་ལྷ་ས་འབྲི་གཞིར་བཀོད་པ་དང་། མི་སྣ་གཙོ་བོ་དཔལ་ལྡན་གྱི་ཁྱིམ་བརྒྱུད་གཙུག་གཡུ་དེས་འདྲེན་ཐག་བྱས་ཏེ། མཐོ་བཀའ་བློན་ནས་དམན་སྤྲང་པོའི་བར་གྱི་རིམ་གྲས་ཁག་གི་མི་སྣའི་དབར་གྱི་སྣེ་མང་རྙོག་འཛིང་གི་འབྲེལ་བ་དང་། ཁོང་ཚོའི་སེམས་པའི་གཏིང་གི་འཆར་སྒོ། དེ་བཞིན་སྤྱི་ཚོགས་ཀྱི་གནས་བབ་དང་དཔལ་འབྱོར་གྱི་གནས་ཚུལ་ལ་གཞིགས་པའི་འཚོ་བའི་སྐྱིད་སྡུག་འདྲ་མིན་བཀོད་པ་མ་ཟད། དེ་སྔའི་ལྷ་སའི་རྫོང་རྒྱབ་ཞར་འཕེན་གྱི་བྱེད་སྒོ། རིམ་གྲས་ཁག་གི་སྐྱེ་བོའི་དབར་གྱི་གུས་ཞབས་ལུགས་སྲོལ། སྐུ་དྲག་གི་གསོལ་ཚིགས་གཏོང་ལུགས། ཕྲུ་གུ་ཞིག་གིས་དགེ་རྒན་བསྟེན་སྐབས་ཀྱི་སྟབས་བདེའི་མཛད་སྒོ་སོགས་ཡུལ་གོམས་གཤིས་ལུགས་མི་ཉུང་བ་ཞིག་ངོ་སྤྲོད་བྱས་ནས་བོད་ལྗོངས་རྙིང་བའི་སྤྱི་ཚོགས་ཀྱི་རགས་དབྱིབས་མཚོན་པ་བྱས་ཡོད། རྩོམ་ཚུལ་ཐད་ལ་བོད་ཀྱི་རྒྱུན་སྲོལ་བེད་སྤྱད་པ་མ་ཟད། མི་རིགས་གཞན་གྱི་ཁྱད་རྩལ་ཡང་བེད་སྤྱོད་བྱེད་གང་ཐུབ་བྱས་པ་དང་། ཞིང་ཆེན་དང་ས་གནས་འདྲ་མིན་གྱི་བོད་རིགས་སྤྱི་ཡིས་གཟིགས་བདེ་བའི་ཆེད་དུ་སྐབས་རེར་དགོས་དབང་ལ་གཏུགས་པ་ཕུད་ལྷ་ས་བའི་ཡུལ་སྐད་བེད་སྤྱོད་གཏོང་མི་དགོས་པ་གཙོ་འདོན་བྱས་ཐོག ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོར་དམིགས་ཏེ། མངོན་བརྗོད་དང་རྒྱན་གྱིས་བཅིངས་ནས་བརྗོད་དོན་གང་ཡིན་མི་རྟོགས་པའི་ཕྱོགས་ལྷུང་དུ་མ་ཤོར་བ་བྱས་ནས་འབྲི་རྩོམ་བྱས་པ་ཡིན། སྒྲུང་གཏམ་དཔེ་སྐྲུན་བྲས་ནས་འགྲེམ་སྤེལ་བྱས་རྗེས་བོད་ལྗོངས་དང་མཚོ་སྔོན་གྱི་ཀློག་པ་པོ་ཁ་ཤས་ཕྱག་བྲིས་བྱུང་སྟེ་གདེང་འཇོག་ཆེན་པོ་གནང་བ་མ་ཟད། རྒྱལ་ནང་གི་མི་རིགས་སློབ་གྲྭ་ཁག་གཅིག་གིས་དེང་རབས་རྩོམ་རིག་གྲས་སུ་སློབ་ཁྲིད་ཀྱང་གནང་བ་དང་། སྤྱི་ལོ1985ལོར་སྒྲུང་གཏམ་འདི་ལ་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲུང་གཏམ་རིང་གྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》རྩོམ་སྒྲིག་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་བཅས་ཀྱིས་ཐུགས་ཁུར་ཆེན་པོ་གནང་བར་བརྟེན《གཙུག་གཡུ》འབྲི་རྩོམ་དང་དཔར་བསྐྲུན་བྱེད་ཐུབ་པ་བྱུང་ཡང་། རང་ཉིད་ནས་ཀུན་སློང་བཟང་པོ་ཞིག་བཅངས་པ་ལས་སྒྱུང་གཏམ་རིང་གྲས་འབྲི་རྩོམ་བྱ་རྒྱུ་ནི་སྐབས་དེར་ཀློ་བ་ལམ་ཞུགས་ཀྱི་བྱ་བ་ཞིག་རང་ཡིན་པས། གང་ཅིའི་ཐད་ནས་སྐྱོན་དང་ནོར་འཁྲུལ་ཡོང་ངེས། རྒྱ་ཆེའི་ཀློག་པ་པོ་རྣམས་ནས་ཡོ་བསྲང་སྐྱོན་བརྗོད་ལྷུག་པོར་ཡོང་བའི་རེ་འདུན་སྔར་བཞིན་བཅངས་ཡོད།།

    མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས་པའི《ནགས་ཀློང་ཁུ་བྱུག་འདུ་གནས》ལས་བཏུས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།