[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་པའི་ལྷ་སའི་འཚེམ་དྲུབ་ཐང་གའི་མཚོན་བྱེད་རྒྱུན་འཛིན་པ་ནོར་བུའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-01

    624495_yis_1558431394790.jpg

     ནོར་བུས་ནན་ཏན་ངང་ཐང་ག་འཚེམ་བཟོར་མཁོ་བའི་དར་གོས་འདེམས་བཞིན་པ།

    རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་པའི་ལྷ་སའི་འཚེམ་དྲུབ་ཐང་གའི་མཚོན་བྱེད་རྒྱུན་འཛིན་པ་ནོར་བུས་སྲོལ་རྒྱུན་གྱི་འཚེམ་དྲུབ་ཐང་གའི་རང་སྐྱོང་ལྗོངས་ཀྱི་ས་གནས་ཚད་གཞི་བཟོ་བའི་ནང་ཞུགས་བཞིན་ཡོད།

    ལས་དོན་གལ་ཆེན་དེ་འདྲ་ཞིག་ལ་ཞུགས་ཐུབ་པ་ནི་ཐང་ག་འཚེམ་བཟོའི་ལས་ལ་གཞོལ་ནས་བགྲང་བྱ་35ལྷག་ཙམ་འདས་པའི་ཁོང་གི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཟབ་པའི་བྱ་བ་ཞིག་རེད།

    ཐང་གར་ད་བར་བགྲང་བྱ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ཡོད་ཅིང་། དེ་ནི་བོད་མི་རིགས་ལ་དམིགས་བསལ་དུ་ཡོད་པའི་དམངས་ཁྲོད་ཀྱི་ལག་ཤེས་དང་ཚོན་རིས་ཀྱི་རྩལ་ནུས་ཟུང་དུ་འབྲེལ་བའི་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་ཡིན་པ་དེ་ཉིད་མར་ཚོན་དང་ལྡེབས་རིས་བཅས་གསུམ་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི“མཆོག་གྱུར་གསུམ”ཞེས་འབོད་སྲོལ་ཡོད།

    ཚོན་རིས་ཐང་ག་དང་མི་འདྲ་བར་ཐང་ག་འཚེམ་སྟངས་ནི་རས་ཆ་དང་། དར། གོས་ཆེན་བཅས་ཚོས་གཞི་སྣ་ཚོགས་འཆར་འགོད་བྱས་པའི་དཔེ་རིས་འདྲ་མིན་སྣ་ཚོགས་ཀྱི་བཟོ་ལྟ་ལྟར་དྲས་ཏེ། ཞིབ་ཚགས་པོས་ལྷན་དུ་སྦྱར་ནས་རི་མོ་ཧྲིལ་པོ་བཟོ་བ་དང་། དེ་རྗེས་ཚོན་ཁྲ་སྣ་ཚོགས་ཀྱི་སྐུད་པས་བཙེམས་ནས་གྲུབ་པ་ཞིག་རེད། ཐང་ག་འཚེམ་བཟོ་བྱེད་སྟངས་དེ་ནི་བོད་ཀྱི་ཐང་ག་བཞེངས་བཟོའི་ཁྲོད་ཀྱི་ཆེས་ཐུན་མོང་མ་ཡིན་པ་ཞིག་རེད།

    ལྷ་སའི་འཚེམ་དྲུབ་ཐང་ག་དེ་ཉིད་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་དངོས་ཤུལ་བཞག་གི་མིང་གཞུང་ལ་བཅུག་ཡོད་ཅིང་། ལྷ་སའི་འཚེམ་དྲུབ་ཐང་ག་འཚེམ་བཟོའི་རྒྱུན་འཛིན་པ་ནོར་བུས་ལོ་35ཡི་རིང་སློབ་སྦྱོང་དང་གསར་གཏོད་བྱས་ནས་བརྩམས་ཆོས་ཕུལ་དུ་བྱུང་བ་མང་པོ་འཚེམ་བཟོ་བྱས་ཡོད། ལྷག་པར་དུ་ཐང་ག《དཔལ་ལྡན་ལྷ་མོ》ལ་ཀྲུང་གོའི་མངོན་མིན་རིག་དངོས་ཤུལ་བཞག་གི་སྲོལ་རྒྱུན་ལག་ཤེས་འགྲེམས་སྟོན་ཆེ་མོ་སྐབས་དང་པོར་གསེར་གྱི་བྱ་དགའ་ཐོབ་པ་དང་། 2018ལོར་ཀྲུང་གོའི་མངོན་མིན་རིག་དངོས་ཤུལ་བཞག་དངོས་མང་སྟོན་ཚོགས་སྐབས་ལྔ་པའི་ལག་ཤེས་བཟོ་རྩལ་འགྲན་བསྡུར་གྱི་འཚེམ་དྲུབ་རྣམ་གྲངས་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།

    རྒྱལ་ཁབ་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་བ་དང་བསྟུན་ནས། ཕྱི་རོལ་གྱིས་བོད་ཀྱི་ཐང་གའི་རིག་གནས་ལ་དོ་ཁུར་བྱེད་ཚད་ཡང་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ནས་འཛམ་གླིང་གི་ཡིད་དབང་འཕྲོག་བཞིན་ཡོད།

    བོད་ཀྱི་རིམ་པ་དང་པོའི་ཐང་གའི་ཆེ་མོ་བ་དང་། བོད་ཀྱི་རིག་གནས་འཕེལ་རྒྱས་སྐུལ་འདེད་ཚོགས་པའི་ཚོགས་མི། ལྷ་སའི་གོས་ཐང་གི་མཚོན་བྱེད་རྒྱུན་འཛིན་པ། རྒྱལ་སྤྱིའི་བཟོ་རྩལ་མཛེས་རྩལ་མཁས་པ་སོགས་ཡིན་པའི་ནོར་བུས། ཚེ་སྨོན་གླིང་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ལྟེ་གནས་སུ་ཁོང་གི་དགེ་ཕྲུག་དང་མཉམ་དུ་འཚེམ་དྲུབ་ལས་ཀར་བྲེལ་ཞིང་། གཟི་བརྗིད་མཚན་སྙན་ཁང་གི་གྱང་ལྡེབས་སུ་ནོར་བུར་ཐོབ་པའི་གཟེངས་རྟགས་མང་པོ་བཀལ་འདུག ལོ་ན་ཆུང་དུས་ནོར་བུ་ནི་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་འཇོག་པོ་གྲོང་ཚོའི་ཕྱུག་རྫི་བ་ཞིག་ཡིན་པ་སྐྱེ་བོ་སུ་འདྲ་ཞིག་གིས་ཀྱང་ཡིད་ཆེས་དཀའ་བ་ཞིག་རེད།

    “ང་རང་ཐང་ག་འཚེམ་བཟོར་དགའ་པོ་ཡོད་ནའང་། དགའ་མོས་ཙམ་ལས་ཕུགས་འདུན་འདི་འགྲུབ་པའི་བསྐལ་བ་ཡེ་ནས་མེད”ཅེས་བཤད། ལོ་13ལ་སོན་སྐབས་གཅེན་པོས་ངོ་སྤྲོད་བྱས་པ་བརྒྱུད། ནོར་བུས་སེ་ར་དགོན་པའི་ཐང་ག་འཚེམ་བཟོའི་ཆེ་མོ་བ་དང་དགེ་འདུན་པ་བློ་བཟང་ལེགས་གྲུབ་དགེ་རྒན་དུ་བསྟེན་ནས་ལྷ་སའི་འཚེམ་དྲུབ་ཐང་གའི་འཚེམ་རྩལ་ལེགས་པར་སྦྱངས། “སྐབས་དེ་དུས་ཚང་མས་བློ་བཟང་ལེགས་གྲུབ་ལགས་ནི་གོས་ཐང་གི་དགེ་རྒན་ཆེ་མོ་བ་ཡིན་པས། ཁོང་དགེ་རྒན་དུ་བསྟེན་ཐུབ་པ་ནི་ལམ་འགྲོ་རྒྱུག་པའི་བྱ་བ་ཞིག་ལ་བརྩི་གི་ཡོད། གོ་སྐབས་ཡོད་པའི་ཁར་རང་ཉིད་ཀྱང་དགའ་པོ་ཡོད་རྐྱེན་ངེས་པར་དུ་ལག་རྩལ་འདི་ཡག་པོ་སྦྱངས་ཏེ་མི་ཉམས་གོང་འཕེལ་གཏོང་རྒྱུའི་འདུན་པ་བཅངས་ཡོད”ཅེས་ནོར་བུས་བཤད།

    2006ལོར། ནོར་བུས་རང་ཉིད་ལ་དབང་བའི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ལྟེ་གནས་ཏེ། ལྷ་ས་ཚེ་སྨོན་གླིང་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ལྟེ་གནས་དངོས་སུ་བཙུགས། “དེ་དག་ཚང་མ་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱོགས་གཅིག་ནས་སྲིད་གཞུང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་མཐོང་ཆེན་གནང་བ་ལས་ང་ཚོ་ལག་ཤེས་པས་ལག་རྩལ་རྒྱུན་འཛིན་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག ལྷ་སའི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཏེ་ཡུལ་སྐོར་བ་དེ་བས་ཇེ་མང་དུ་སོང་བས། ང་ཚོའི་ཐང་གར་མི་དེ་བས་མང་བའི་དོ་ཁུར་ཐོབ་ནས་རྒྱུན་འཛིན་དང་དར་སྤེལ་གྱི་མདུན་ལམ་འོད་ཟེར་སྟོང་ལྡན་གྱི་ཕྱོགས་སུ་སྐྱོད་ཐུབ་པ་བྱུང་ཡོད”ཅེས་ནོར་བུས་བཤད།

    རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རྒྱུན་འཛིན་བྱེད་བཞིན་དུ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་པར་བྱེད་པའི་ནོར་བུས། སྤྱི་ཚོགས་ལ་བཀའ་དྲིན་ཞུ་སེམས་བཅངས་ཡོད་ལ། སྤྱི་ཚོགས་ལ་དྲིན་གཟོ་བའི་བསམ་བློའང་བརྗེད་མེད། ཁོང་གིས་སྔ་རྗེས་སུ་དགེ་ཕྲུག་30ལྷག་ཙམ་ཉར་ཏེ་ཐང་ག་འཚེམ་རྩལ་སློབ་པ་དང་དུས་མཚུངས་རིན་ཐང་གསར་པའང་བཏོད་ཡོད།

    པ་སངས་ཆུང་དུས་ནས་ཚེ་སྨོན་གླིང་སྡེ་ཁུལ་དུ་འཚོ་བ་སྐྱེལ་གྱི་ཡོད་ཅིང་། རྣམ་ཀུན་ནོར་བུའི་ལག་ཤེས་བཟོ་རྩལ་ཁང་བརྒྱུད་དེ་འགྲོ་ཐེངས་རེར་ཡིད་དབང་འཕྲོག་གི་ཡོད། “གལ་སྲིད་ང་ལའང་སོར་རྩལ་བྱང་ཆུབ་པོ་འདི་འདྲ་ཡོད་ན་ཅི་མ་རུང”སྙམ་བཞིན་དུ་པ་སངས་ཀྱིས་ཕ་མར་ལག་ཤེས་བཟོ་རྩལ་སྦྱོང་རྒྱུའི་བསམ་ཚུལ་བཤད། ནོར་བུ་དགེ་རྒན་དུ་བསྟེན་ནས་ཐང་ག་འཚེམ་བཟོའི་ལག་རྩལ་སྦྱོང་འགོ་ཚུགས། ལོ་བཅུ་གྲངས་རིང་འབད་བརྩོན་བྱས་པ་བརྒྱུད། ད་ཆ་པ་སངས་ལྷ་ས་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར་ཡོད། ཁོང་དང་མཉམ་དུ་ཐང་གའི་འཚེམ་བཟོ་སྦྱོང་མཁན་དགེ་ཕྲུག་ཁ་ཤས་ཀྱིས་འདི་ནས་མགོ་ཐོན་རྗེས་རང་ཉིད་ཀྱི་ལས་ལམ་གཏོད་ཀྱི་ཡོད་ཀྱང་། པ་སངས་ལ་དགེ་རྒན་དང་ཁ་འབྲལ་འདོད་པའི་བསམ་པ་ནམ་ཡང་འཁོར་མྱོང་མེད། “ང་ཚོའི་རྒན་ལགས་ནི་གཤིས་ཀ་ཧ་ཅང་འཇམ་པ་མ་ཟད། དཔྱིད་ཀྱི་སྦྲང་ཆར་ཇི་བཞིན་ང་ཚོའི་སེམས་ཀྱི་ཞིང་ས་བརླན་པར་བྱེད་ཀྱི་ཡོད། ང་རང་ནམ་ཡང་རྒན་ལགས་དང་མཉམ་དུ་བསྡད་དེ་རང་གི་ལག་རྩལ་སྔར་བས་ལེགས་སུ་བཏང་ནས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་འདི་དར་རྒྱས་གོང་འཕེལ་གཏོང་འདོད་ཆེན་པོ་ཡོད”ཅེས་བཤད།

    “ང་ལ་ས་སྐྱ་རྫོང་དུ་ད་དུང་དགེ་ཕྲུག་གཉིས་ཡོད་པ་ལས་གཅིག་ནི་འོན་ལྐུགས་དཔལ་ལྡན་ཡོན་ཏན་ཡིན། གཅིག་ཤོས་ནི་རླངས་འཁོར་གྱི་ལས་འཛོལ་ཁྲོད་ནས་རྐང་པ་སྐྱོན་ཅན་དུ་གྱུར་པའི་པ་སངས་རེད། ཁོང་གཉིས་སློབ་མཐར་ཕྱིན་རྗེས། ས་སྐྱ་རྫོང་དུ་མཉམ་ལས་ཁང་ཞིག་བཙུགས་ནས་ཐང་ག་འཚེམ་བཟོའི་ལག་རྩལ་རྒྱུན་འཛིན་བྱས་པ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་དབུལ་པོར་ལས་ཞུགས་རོགས་རམ་ཡང་བྱེད་ཀྱི་ཡོད”ཅེས་ནོར་བུས་དགའ་སྤྲོའི་ངང་བརྗོད།

    2018ལོར། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་འདི་དར་རྒྱས་གོང་འཕེལ་སྔར་བས་ཡག་པོ་གཏོང་ཆེད། ནོར་བུས་ལྷ་ས་ཚེ་སྨོན་གླིང་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ལྟེ་གནས་དེ་ཁྲེང་ཀོན་ཆུས་དོག་སྡེ་ཤང་དུ་ཡོད་པའི་རང་ཁྱིམ་གྱི་སྒོ་རའི་ནང་སྤོས་ནས་བཟོ་ཁང་དང་། འགྲེམས་ཁང་། མཛོད་ཁང་བཅས་ཆེད་དུ་བཙུགས། 

    སླད་ཕྱིན་གྱི་འཆར་གཞིའི་སྐོར་གླེང་སྐབས། ནོར་བུས་ལྷ་ས་ཚེ་སྨོན་གླིང་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ལྟེ་གནས་ལ་བརྟེན་ནས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་གཏུག་བྱས་ཏེ་དགེ་ཕྲུག་དབང་པོ་སྐྱོན་ཅན་ཐང་ག་འཚེམ་བཟོའི་དཔུང་ཁག་ནང་བསྡུ་རྩིས་ཡོད། “ངས་སློབ་ཡོན་སྐར་ལི་གཅིག་ཀྱང་བསྡུ་རྩིས་མེད་པར། ལྟོ་ཆས་དང་སྡོད་གནས་ཀྱང་འགན་ལེན་བྱ་རྒྱུ་ཡིན། དེར་དགའ་པོ་ཡོད་པའི་དབང་པོ་སྐྱོན་ཅན་ཚང་མ་ཡོང་ཆོག”ཅེས་ནོར་བུའི་སྐད་ཆ་མང་པོ་མེད་ཀྱང་དོན་གྱིས་ཕྱུག་པ་ཞིག་རེད་ཨང་།

    624498_yis_1558431395477.jpg

     དགེ་ཕྲུག་ལ་ཐང་ག་འཚེམ་བཟོའི་ལག་ཤེས་སློབ་བཞིན་པ།

    624496_yis_1558431394978.jpg

    ནོར་བུའི་བརྩམས་ཆོས《དཔལ་ལྡན་ལྷ་མོ》

    624499_yis_1558431395648.jpg

     པ་སངས(གཡས་ཀྱི་དང་པོ)སོཌ་ཀྱིས་ཐང་ག་འཚེམ་བཞིན་པ།

    624502_yis_1558431396179.jpg

    ནོར་བུ་དང་དགེ་ཕྲུག་ཚོས་ལྷ་ས་ཚེ་སྨོན་གླིང་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ལྟེ་གནས་སུ་ཐང་ག་འཚེམ་བཞིན་པ།

    624500_yis_1558431395836_s.jpg

     ལྷ་ས་ཚེ་སྨོན་གླིང་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་ལྟེ་གནས་ཀྱི་འགྲེམས་ཁང་གི་ཟུར་ཞིག་དང་ནོར་བུ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།