[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • འཛམ་གླིང་གི་རིག་པའི་བང་མཛོད་ནང་ངོམས་སུ་ཆོག་པའི་ཚ་ཚའི་རིག་གནས།

    བོད་ལྗོངས་སཱཙྪའི་རིག་གནས་འགྲེམ་སྟོན་ཁང་གི་བཟོ་བཀོད་མཛེས་རྩལ་ཆེ་མོ་བ་ཉི་མ་རྒྱལ་པོའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    微信图片_20190814185548.jpg

    བོད་ལྗོངས་སཱཙྪའི་རིག་གནས་འགྲེམ་སྟོན་ཁང་། 

    ཚ་ཚ་ནི་དུས་རྒྱུན་གྱི་འཚོ་བའི་ནང་དུ་མཐོང་ཤིན་ཏུ་མང་བས། རྒན་དར་གཞོན་གསུམ་གྱི་རྣ་བར་ཚ་ཚ་ཞེས་ཐོས་པ་ཙམ་གྱིས་དེའི་གཟུགས་བརྙན་དེ་མ་ཐག་ཏུ་བསམ་བློའི་ནང་འཁོར་ཐུབ་ཀྱི་ཡོད། ཚ་ཚ་ནི་ལེགས་སྦྱར་གྱི་ཐ་སྙད་སཱཙྪ་ལས་ཟུར་ཆགས་པ་ཞིག་ཡིན་ཞིང་། ཚ་ཚ་ཞེས་པ་ནི་དམ་པའི་སྐུ་བརྙན་ཞེས་པའི་དོན་ཡིན། ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་དོག་སྡེ་ཤང་དུ་གསར་དུ་བསྐྲུན་པའི་བོད་ལྗོངས་སཱཙྪའི་རིག་གནས་འགྲེམ་སྟོན་ཁང་ནང་དུ་བོད་ཀྱི་ཡུལ་གྲུ་ཁག་ནས་འཚོལ་བསྡུ་བྱས་པའི་ཚ་ཚ་མང་པོ་སྒྲིག་གཤོམ་བྱས་ཡོད། བོད་དུ་ཕྱག་ན་རྡོ་རྗེ་དང་། རྣམ་པར་སྣང་མཛད། སྤྱན་རས་གཟིགས། འཇམ་དཔལ་དབྱངས་སོགས་ཀྱི་སྐུ་འདྲའི་རིགས་ཀྱི་ཚ་ཚ་མང་པོ་ཡོད་ཀྱང་། ཚ་ཚ་མང་ཆེ་བ་ནི་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱིས་གཙོ་བོར་འགྱུར་བའི་མཆོད་རྟེན་ཚ་ཚ་ཡིན། ད་ཆ་འགྲེམ་སྟོན་ཁང་དེ་ཚ་ཚའི་རིག་གནས་སྐོར་གྱི་འགྲེམ་སྟོན་ཁང་ཆེ་ཤོས་སུ་གྱུར་ཡོད་སྐད། ཚ་ཚར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཞིང་། དེར་རིག་དངོས་དང་། སྒྱུ་རྩལ། རིག་གནས། ཆོས་ལུགས་སོགས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད་པས། དེང་གི་དུས་སུ་ཏང་དང་སྲིད་གཞུང་གི་བཀའ་དྲིན་དང་ལག་ཤེས་མི་སྣ་རྣམ་པའི་འབད་བརྩོན་འོག་ཚ་ཚའི་རིག་གནས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། ལག་ཤེས་མི་སྣའི་གྲས་ཀྱི་ཉི་མ་རྒྱལ་པོས་དཀའ་བ་མཐའ་དག་དང་དུ་བླངས་ནས་ཚ་ཚའི་རིག་གནས་ཐད་ལེགས་སྐྱེས་ཕུལ་དང་འབུལ་བཞིན་མཆིས། 


    微信图片_20190814184613.jpg

    ཉི་མ་རྒྱལ་པོར་གཡུར་དུ་ཟ་བའི་འབྲས་བཟང་ཐོབ་པ། 

    དགེ་རྒན་བཟང་པོའི་སྐུལ་སློང་འོག  ཚ་ཚར་སྤྲོ་བ་རབ་ཏུ་འཕེལ། 

    ཉི་མ་རྒྱལ་པོ་ནི་ཡར་བརྩོན་གྱི་བསམ་བློ་ལྷག་པར་ལྡན་མཁན་གྱི་ཕོ་གཞོན་ཞིག་ཡིན།  ཁོང་ད་ལོ་ལོ་49ཡིན་པ་དང་། ཕ་ཡུལ་གཞིས་རྩེ་ཞ་ལུའི་བརྒྱུད་ནས་ཡིན། ཁོང་གིས་ང་ཚོ་གསར་འགོད་པ་བོད་ལྗོངས་ཉིན་རེའི་ཚགས་ཁང་ནས་ཡིན་པ་ཤེས་རྗེས་ངོ་ནས་འཛུམ་མདངས་འཕྱུར་ཞིང་། དགའ་དགའ་སྤྲོ་སྤྲོའི་ངང་བསུ་བ་ཞུས་བྱུང་། ཉི་མ་རྒྱལ་པོ་ལོ་ཉི་ཤུ་རྩ་གྲངས་སྐབས་སུ་ཡེ་ཤེས་ཤེས་རབ་དགེ་རྒན་དུ་བསྟེན་ནས་ལྷ་ལྡན་གཙུག་ལག་ཁང་གི་ཉམས་གསོའི་ལས་ཀར་ཞུགས། དེའི་རིང་རྒན་ཡེ་ཤེས་ཤེས་རབ་ཀྱི་དམར་ཁྲིད་འོག་འཇིམ་བཟོ་ད་ཚ་ཚ་བཟོ་བའི་ལས་ལ་གཞོལ་འགོ་ཚུགས། ཉི་མ་རྒྱལ་པོ་སློབ་གྲྭར་ལོ་མང་པོ་འགྲོ་མྱོང་མེད་ཀྱང་། ཁོང་ནི་ཤེས་རབ་ཀྱིས་ཕྱུག་པའི་སྐྱེ་བོ་ཞིག་ཡིན་པས་དགེ་རྒན་བཟང་པོའི་བཀའ་དྲིན་དང་རང་གི་འབད་བརྩོན་འོག་འཇིམ་སྐུ་དང་ཚ་ཚ་བཟོ་བའི་ལག་རྩལ་དུས་ཡུན་རིང་པོ་མ་འགོར་བར་བདེ་བླག་ངང་ཁོང་དུ་ཆུད། ཁོང་གི་དགེ་རྒན་ཡེ་ཤེས་ཤེས་རབ་ནི་བོད་ཀྱི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ཀུན་ལ་སྦྱང་པ་ཆེ་ཆེར་ལྡན་པའི་ཉི་མ་རྒྱལ་པོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་རང་གི་དགེ་རྒན་ཡེ་ཤེས་ཤེས་རབ་རྩ་བའི་རྩེ་ལ་ཁུར་ནས་དགེ་རྒན་གྱིས་གང་གསུངས་པ་ཇི་བཞིན་ལག་ལེན་བསྟར་གྱི་ཡོད། ད་ཡོད་ཀྱི་དཔྱད་གཞིར་གཞིགས་ན་ཚ་ཚར་ལོ་ངོ་སྟོང་ཕྲག་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པ་ར་སྤྲོད་ཐུབ་ཅིང་། དེ་དག་ལ་རིག་དངོས་དང་། སྒྱུ་རྩལ། རིག་གནས། ཆོས་ལུགས་སོགས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད་པས། རྒན་ཡེ་ཤེས་ཤེས་རབ་ཀྱིས་སྤྱི་ལོ་1993ལོ་ནས་བཟུང་ཚ་ཚ་ཉར་ཚགས་གནང་འགོ་ཚུགས་ཡོད། གང་ཞིག་གསེར་གྱི་རི་ལ་བརྟེན་བྱས་ན་དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་གྱུར་ཟེར་བ་ཇི་བཞིན་དགེ་རྒན་བཟང་པོའི་ཤུགས་རྐྱེན་དང་སྐུལ་སློང་འོག་ཉི་མ་རྒྱལ་པོ་ཡང་ཚ་ཚ་དཔར་བཟོ་དང་ཉར་ཚགས་སོགས་ཀྱི་ལས་ཀར་སྤྲོ་བ་རབ་ཏུ་འཕེལ། 

    微信图片_20190814184637.jpg

    འགྲེམ་སྟོན་ཁང་དུ་ཉར་ཚགས་བྱེད་པའི་རིག་དངོས། 

    微信图片_20190814184643.jpg

    འགྲེམ་སྟོན་ཁང་དུ་ཉར་ཚགས་བྱེད་པའི་ཞིང་ལས་ཐོན་སྐྱེད་ཡོ་བྱད།

    དཀའ་བ་མཐའ་དག་ཕྲག་ཏུ་ཁུར། ཡིད་དབང་འཕྲོག་པའི་འགྲེམ་ཁང་ཕྱེ། 

    ཚ་ཚའི་འགྲེམ་སྟོན་ཁང་བསྐྲུན་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན་པར། མི་ཤུགས་དང་། དངོས་ཤུགས། རྒྱུ་ཤུགས་བཅས་གསུམ་གྱི་ཆ་རྐྱེན་ཚང་དགོས་པ་མ་ཟད། ཕུལ་བྱུང་གི་སྣེ་འཁྲིད་མཁན་ཞིག་དགོས་ཀྱི་ཡོད། ཉི་མ་རྒྱལ་པོ་དང་། ཆུང་བདག པ་པངས་ཚེ་རིང་བཅས་ཀྱིས་རྒན་ཡེ་ཤེས་ཤེས་རབ་ཀྱིས་ཉར་ཚགས་གནང་བའི་ཚ་ཚ་དང་། རང་རང་གིས་ཉར་ཚགས་བྱས་པའི་ཚ་ཚ་རྣམས་བསྡུ་རུབ་བྱེད་སྐབས་ཁྲེན་ཀོན་ཆུས་ཡུལ་སྐོར་ཅུད་ཀྱི་དབུ་ཁྲིད་ཀྱིས་བོད་ཀྱི་ཚ་ཚའི་འགྲེམ་སྟོན་ཁང་ཞིག་འཛུགས་ཐུབ་ན་ཤིན་ཏུ་ལེགས་པོ་ཡོད་ཚུལ་གྱི་གྲོས་འགོ་བཏོན་པས། ཁོང་རྣམ་པས་སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་གིས་དཀའ་ངལ་མཐའ་དག་དང་དུ་བླངས་ནས་སྤྱི་ལོ་2014ལོར་ལྷ་ས་གྲོང་ཁྱེར་དོག་སྡེ་ཤང་རུ་ཁག་དང་པོར་སྨི་གྲུ་བཞི་མ་300ཙམ་ཡོད་པའི་འགྲེམ་སྟོན་ཁང་ཆུང་ཆུང་ཞིག་བཙུགས་ཐུབ་པ་བྱུང་། དེང་གི་དུས་སུ་ཏང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བོད་ཀྱི་རིག་གནས་ལ་བརྩི་མཐོང་ཆེན་པོ་གནང་ནས་མི་ཤུགས་དང་། དངོས་ཤུགས། རྒྱུ་ཤུགས་བཅས་གསུམ་གྱི་ཐོག་ནས་རྒྱབ་སྐྱོར་ཆེན་པོ་གནང་བའི་རྨང་གཞིའི་ཐོག  ཉི་མ་རྒྱལ་པོ་ལ་མཚོན་ན་རང་འཁྲིའི་ལས་ལ་འབད་པ་ཆེར་སྐྱེད་བྱེད་མཁན་ཞིག་ཡིན་པས། སྤྱི་ལོ་2018ལོར་སྨི་གྲུ་བཞི་མ་7000ཙམ་གྱི་བོད་ལྗོངས་སཱཙྪའི་རིག་གནས་འགྲེམ་སྟོན་ཁང་སྒོ་ཕྱེ་ཐུབ་པ་བྱུང་བ་རེད། ཚ་ཚའི་འགྲེམ་སྟོན་ཁང་དུ་ཚ་ཚ་ཁྱོན་བསྡོམས་ཁྲི་གཉིས་ཙམ་ཡོད་པ་དང་། རིགས་མི་འདྲ་བ་ཉིས་སྟོང་ལྷག་ཙམ་ཡོད། འགྲེམ་སྟོན་ཁང་གི་འགན་འཁུར་བའི་གྲས་ཉི་མ་རྒྱལ་པོས་ཚ་ཚ་ངོ་སྤྲོད་བྱེད་སྐབས “རྒྱུ་ཆ་ཞ་ཉེ་ལས་བཟོས་པའི་ཚ་ཚ་ཞིག་ལ་མཛུབ་མོ་བཙུགས་ནས། དེ་ནི་སྔོན་གྱི་དུས་སུ་ཀོང་པོའི་ཁུལ་དུ་རྔོན་པ་ཞིག་གིས་རི་དྭགས་བརྔོན་ནས་འཚོ་བ་སྐྱེལ་གྱི་ཡོད། རྗེས་སུ་ཁོས་རྔོན་པའི་ལས་ཀ་ནི་སྡིག་པ་ཤིན་ཏུ་ཆེ་བ་ཡིན་པ་ཤེས་རྗེས་མེ་མདའི་མདེའུ་ཡི་ཞ་ཉེ་ལྷག་མ་རྣམས་བེད་སྤྱོད་བཏང་ནས་ཚ་ཚ་ཞིག་བཞེངས་ནས་སྡིག་བཤགས་བྱས་པ་མ་ཟད་ཕྱིས་སུ་རྔོན་པ་བརྒྱབ་རྒྱུ་མེད་པའི་དམ་བཅའ་བཞག་པ་རེད”ཅེས་བཤད་བྱུང་། 

    微信图片_20190814184433.jpg

    འགྲེམ་སྟོན་ཁང་དུ་ཉར་ཚགས་བྱེད་པའི་སྣོད་ཆས་རྙིང་མ། 

    འགྲེམ་ཁང་གོང་འཕེལ་ཡོང་བའི་སླད།  གསར་དུ་རྣམ་གྲངས་ཁ་ཤས་བསྣན། 

    ཉི་མ་རྒྱལ་པོ་ནི་ཨ་གསར་རྟ་ལས་མགྱོགས་པ། གཞུ་གུ་ལུག་ལས་ཐུང་བའི་སྐྱེ་བོ་ཞིག་མིན་པས་ལོ་ནས་ལོ་བར་བློ་གཅིག་སེམས་གཅིག་གིས་རང་འཁྲིའི་ལས་ལ་བརྩོན་པ་བྱས། ཁོང་འཇིམ་སྐུ་དང་ཚ་ཚ་བཟོས་ནས་ད་བར་ལོ་ཉི་ཤུ་ལྷག་ཙམ་སོང་ཡོད། ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་རིང་ཁོང་གི་ལག་རྩལ་ཡར་ངོའི་ཟླ་ལྟར་འཕེལ་བས། རིམ་པ་ཁག་གིས་གནང་བའི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད། ད་ཆ་ཁོང་བོད་ཀྱི་བཟོ་བཀོད་མཛེས་རྩལ་ཆེ་མོ་བར་གྱུར། ཁོང་ནི་ཆུ་ཐོན་སོང་ཟམ་པ་ག་ལེར་བཞུགས། ལ་ཐོན་སོང་ལབ་རྩེ་ག་ལེར་བཞུགས་ཟེར་མཁན་ཞིག་མིན་པས། རང་ལ་གྲུབ་འབྲས་ཆེན་པོ་ཐོབ་རྗེས་འཇིམ་སྐུ་དང་ཚ་ཚ་བཟོ་མཁན་གྱི་དགེ་དྲུག་13ཙམ་གསོ་སྐྱོང་བྱས་ཡོད། ཉི་མ་རྒྱལ་པོས“དང་ཐོག་རང་ཉིད་ཚོང་ཙག་ཙིག་བརྒྱབ་རྒྱུར་ཤིན་ཏུ་དགའ་པོ་ཡོད། འོན་ཀྱང་། བདག་གི་དགེ་རྒན་ཡེ་ཤེས་ཤེས་རབ་ཀྱིས་བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ། ཁབ་རྩེ་གཉིས་ཀྱིས་འཚེམ་པོ་མི་ཡོང་། ཁྱེད་ཚོང་བརྒྱབ་ན་འཇིམ་སྐུ་དང་ཚ་ཚ་བཟོ་བའི་ལས་ལ་བློ་རྩེ་གཅིག་སྒྲིམ་བྱེད་མི་ཐུབ་པས། ཚོང་རྦད་དེ་བཞག་ན་ལེགས་པོ་ཡོང་ཞེས་གསུངས་བྱུང་། དགེ་རྒན་ཁོང་བདག་ལ་བཀའ་དྲིན་ཤིན་ཏུ་ཆེ་བས་ངས་དེ་མ་ཐག་ཏུ་བཀའ་སྲུང་ཅི་སྒྲུབ་ཞུས་ཏེ་རང་གི་ཚོང་ཁང་རང་གི་ཆུང་མར་སྤྲད་ནས་རང་ཉིད་སྤྱིའི་ཆ་ནས་གཟུགས་དང་གྲིབ་མ་མ་བྲལ་བ་བཞིན་འགྲེམ་སྟོན་ཁང་དུ་བསྡད་ནས་འཇིམ་སྐུ་དང་ཚ་ཚ་བཟོ་བའི་ལས་ལ་གཞོལ་གྱི་ཡོད ”ཅེས་གསར་འགོད་པར་བཤད་བྱུང་། འགྲེམ་སྟོན་ཁང་གསར་པ་བཙུགས་རྗེས་འགྲེམ་ཁང་ནང་ཚ་ཚ་ཙམ་འགྲེམ་སྟོན་བྱེད་པ་མ་ཟད།འགྲེམ་སྟོན་ཁང་གི་ཟུར་ཞིག་ཏུ་ལྟད་མོ་བ་རྣམས་ལ་རང་རང་སོའི་ལོ་རྟགས་དང་མཚུངས་པའི་སྐུ་འདྲ་བཟོ་སའི་སྟེགས་བུ་ཞིག་བསྐྲུན་ཡོད་པ་དང་།  ཁོང་གིས་ན་ཆུང་བྱིས་པ་རྣམས་ཀྱིས་བོད་ཀྱི་དམངས་ཁྲོད་རིག་གནས་ལ་རྒྱུས་ལོན་གང་ལེགས་ཡོང་ཆེད་ཞིང་ལས་ཐོན་སྐྱེད་ཀྱི་ཡོ་བྱད་རྙིང་མ་དང་བོད་མིའི་ཁྱིམ་ཆས་རྙིང་མ་མང་དག་ཅིག་བསྒྲིགས་ཡོད། ཞིང་ལས་ཐོན་སྐྱེད་ཡོ་བྱད་རྙིང་མ་དང་ཁྱིམ་ཆས་རྙིང་མ་ཉོ་བར་མ་རྩ་དགོས་ཀྱང་། ཉི་མ་རྒྱལ་པོ་ནི་དུས་རྒྱུན་འགྲེམ་སྟོན་ཁང་དུ་འཇིམ་སྐུ་དང་ཚ་ཚ་བཟོས་ནས་སྡོད་ཀྱི་ཡོད་སྟབས། མ་རྩ་མང་པོ་མེད་པས། ཁོང་གི་ཆུང་མ་དང་འགན་འཁུར་བའི་གྲས་ཆུང་བདག་སོགས་ཀྱིས་དཔལ་འབྱོར་ཐོག་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད།  མ་རྩ་རག་རྗེས་ཁོང་རྣམ་པས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་ཡུལ་གྲུ་ཁག་ནས་འཚོ་བའི་ཡོ་བྱད་རྙིང་མ་མང་དག་ཅིག་ཉོ་ཐུབ་པ་བྱུང་ནས་གཟིགས་མོ་བའི་མིག་མདུན་དུ་སྒྲིག་གཤོམ་བྱེད་ཐུབ་པ་བྱུང་བ་རེད།   ཁོང་གི་བྱ་སྤྱོད་ཁག་ལས་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཤིང་ཡོད་པ་ཤེས་ཚོར་བྱུང་། (གསར་འགོད་པ་ཉི་མ་ཚེ་རིང་དང་བསོད་ནམས་དབང་འདུས་ནས

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།