[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • མི་ཚེར་བཀྲག་མདངས་མང་ཙམ་བསྣན།

    —— ནོར་བུ་འཕགས་པའི་ལས་གཏོད་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-28

    ལྷ་ས་ཀུན་བདེ་གླིང་མཁའ་ཁྲོམ་དུ་གནས་པའི་བོད་ལྗོངས་ཁྲོང་ཁེ་ཕིན་ཚན་རྩལ་ཚད་ཡོད་ཀུང་སིར་རིག་ནུས་ཀྱི་གློག་རྡུལ་ཐོན་རྫས་སྣ་ཚོགས་འདུག སློབ་གྲྭ་ཆེ་མོ་བའི་ལས་གཏོད་རྣམ་གྲངས་ཡིན་པའི་ངོས་ནས། ཀུང་སི་འདི་བཙུགས་ནས་ལོ་གཅིག་ཀྱང་འཁོར་མེད་མོད། ད་ཆ་ཟླ་རེའི་ཚོང་གཉེར་དངུལ་འབོར་སྒོར་ཁྲི་7ཟིན་གྱི་ཡོད།

    ལས་གཏོད་ཀྱི་སྐོར་གླེང་སྐབས། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་ཕོ་གཞོན་ནོར་བུ་འཕགས་པའི་གཏམ་གྱི་སྒོ་མོ་ཕྱེ། 2017ལོའི་ལོ་སྟོད་དུ་ནོར་བུ་འཕགས་པས་ཕྱོགས་གཅིག་ནས་དངོས་སྦྱོང་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གཞུང་ཞབས་པའི་ཡིག་རྒྱུགས་གཏོང་རྒྱུའི་གྲ་སྒྲིག་བྱས། “ཕ་མ་གཉིས་པོས་གཞུང་ཞབས་པའི་ལས་ཀ་བརྟན་པོ་ཡོད་པའི་ངོས་འཛིན་བྱས་ནས། ང་རང་གཞུང་ཞབས་པའི་ཡིག་རྒྱུགས་གཏོང་དགོས་པའི་ཨུ་ཚུགས་རྒྱག་གི་འདུག”ཅེས་ཁོང་གིས་བརྗོད།

    ནོར་བུ་འཕགས་པས་སྔ་རྗེས་སུ་ཡིག་རྒྱུགས་ཐེངས་གཉིས་བཏང་མོད། འོན་ཀྱང་གཞུང་ཞབས་པར་ཚུད་མེད། ཁོང་བློ་ཕམ་ནས་སྡོད་སྐབས། ཁོང་གི་སློབ་གྲོགས་དོན་གྲུབ་བསམ་གཏན་གྱིས་མཉམ་དུ་ལས་གཏོད་བྱ་རྒྱུའི་བསམ་ཚུལ་བཤད།  “མ་རྒན་གྱིས་བསམ་ཤེས་མ་ཐུབ་པས་ངས་ཁོང་དང་རྩོད་པ་མ་བརྒྱབ་པར་སེམས་ཐག་གཙང་བཅད་ཀྱིས་དོན་དངོས་ལ་བརྟེན་ནས་ལས་གཏོད་བྱེད་པ་གཞུང་ཞབས་པ་ལས་ཞན་པ་མེད་པའི་ར་སྤྲོད་བྱེད་འདོད་བྱུང”ཞེས་ནོར་བུ་འཕགས་པས་བརྗོད།

    ཁྲོམ་རར་རྟོག་ཞིབ་ཞིབ་ཚགས་བྱས་པ་བརྒྱུད་ནོར་བུ་འཕགས་པ་དང་དོན་གྲུབ་བསམ་གཏན་གྱིས་རིག་ནུས་གློག་རྡུལ་ཐོན་རྫས་འཚོང་རྒྱུའི་སེམས་ཐག་བཅད།

    “ཚོང་ཟོག་མཁོ་འདོན་བྱེད་མཁན་དང་ཐེངས་དང་པོ་འཕྲད་སྐབས་ང་གཉིས་དངངས་སྐྲག་ལངས་ནས། ལག་པའང་གང་དུ་འཇོག་དགོས་མིན་ཤེས་ཀྱི་མི་འདུག ཡིན་ནའི་སྣང་དག་བྱུང་མ་སོང”ཞེས་ནོར་བུ་འཕགས་པས་དགོད་འཚེར་འཚེར་དུ་བརྗོད།

    ཚོང་ཟོག་མཁོ་འདོན་བྱེད་མཁན་ཡོད་ཀྱང་མ་དངུལ་ཁ་ཐང་བའི་གནས་ཚུལ་འཕྲད། ནང་ལ་དངུལ་དགོས་ཤོད་མི་ཕོད་པར་གྲོགས་པོ་བཙལ་ནས་དངུལ་གཡར། 2018ལོའི་ཟླ་6པར་ཁོང་ཚོའི་ཀུང་སི་ཐོ་འགོད་བྱས་པ་དང་ཟླ་11པར་ཚོང་གཉེར་བྱེད་འགོ་བརྩམས།

    “ཚོང་གཉེར་བྱེད་འགོ་ཚུགས་རྗེས་ཀྱི་དུས་ཚོད་གང་ཙམ་རིང་སྤྱིར་ན་ཚོང་ཟོག་ཉོ་མཁན་མེད་པར་ཉིན་གང་ཚོང་ཁང་དུ་སྡོད་དགོས་དུས་དངོས་གནས་དུས་ཚོད་ཀྱང་འཁྱོལ་ཁག་པོ་འདུག སྐབས་རེ་ཉོ་མཁན་གྱིས་བཏོན་པའི་གནད་དོན་སྣ་ཚོགས་ལ་འགྲེལ་བཤད་རྒྱག་དགོས་དུས། བསུན་སྣང་ཡང་སྐྱེ་ཡི་འདུག”ཅེས་ནོར་བུ་འཕགས་པས་བརྗོད།

    འཕངས་པའི་མདའ་ལ་ལོག་ཤོག་ཟེར་ས་མེད་ཟེར་བའི་དཔེ་ལྟར། ཉོ་མཁན་ལ་ཐོན་རྫས་ངོ་སྤྲོད་བྱེད་ཕྱིར་ནོར་བུ་འཕགས་པར“འུ་ཐུག”ཐབས་ཤེས་ཤིག་རྙེད་པ་སྟེ། ཚོང་ཁང་གི་ཐོན་རྫས་གཙོ་བོའི་བེད་སྤྱོད་བྱེད་སྟངས་ཀྱི་འགྲེལ་བཤད་ཚང་མ་བློར་ངེས་པ་རེད། “འུ་ཐུག་ཐབས་ཤེས་དེ་ཕན་ཐོགས་པོ་འདུག་པ་མ་ཟད། རང་ཉིད་ཀྱིས་ཀྱང་ཚོང་ཟོག་བེད་སྤྱོད་བཏང་ནས་ཉོ་མཁན་ལ་ངོ་སྤྲོད་བྱེད་མཁས་སུ་ཕྱིན་སོང”ཞེས་ནོར་བུ་འཕགས་པས་བརྗོད།

    ཉམས་མྱོང་མི་འདང་བའི་གནད་དོན་བསལ་རྗེས་ཚོང་ཁང་དུ་ཡོང་མཁན་སྐུ་མགྲོན་ཇེ་མང་དུ་ཕྱིན་མོད། འོན་ཀྱང་ཚོང་དེ་ཙམ་ཡག་པོ་བྱུང་མེད། “ཐོན་རྫས་མ་བྲིན་པའི་གནས་ཚུལ་མཐོང་དུས་ལས་གཏོད་ཀྱི་དཀའ་ཚེགས་གཞི་ནས་ཚོར་བྱུང”ཞེས་ནོར་བུ་འཕགས་པས་བརྗོད།

    འོན་ཀྱང་ནོར་བུ་འཕགས་པས་ཡིད་ཐང་ཆད་ནས་མ་བསྡད་པར་དཀའ་ལས་ཁག་དུས་ཕྱིར་སྤྲོ་གསེང་དུ་ཕྱིན་ནས། རང་ཉིད་ཀྱི་སེམས་ཁམས་གུ་ཡངས་པོ་ཡོང་ཐབས་བྱས་ཐོག ཉིན་གཉིས་པར་སྔར་བཞིན་ཚོང་ཁང་དུ་སྐུ་མགྲོན་སྒུག་ནས་བསྡད། “དེ་ནས་རིམ་བཞིན་ངས་རང་ཉིད་ཀྱི་སེམས་པའི་འཁྱེར་སོ་ཡག་པོའི་ཐོག་ནས་སྐུ་མགྲོན་གྱིས་ཚོང་ཟོག་མ་ཉོས་ཀྱང་ངས་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་གི་ཡོད། དེའི་ཁྲོད་ནས་འཛད་སྤྱོད་པའི་སེམས་ཁམས་རྟོགས་ཏེ། ཐོན་རྫས་ཀྱི་གྲུབ་ཆར་ཡང་ལེགས་སྒྲིག་ལུགས་མཐུན་ཐུབ་ཀྱི་འདུག”ཅེས་ནོར་བུ་འཕགས་པས་བརྗོད།

    དཀའ་བའི་བྲག་ལ་འཛེགས་ནུས་ན་བདེ་མོའི་ཐང་ལ་སླེབས་ཟེར་བའི་དཔེ་ལྟར། དེ་ནས་རིམ་བཞིན་ཁོང་གི་ཚོང་ཇེ་ལེགས་སུ་ཕྱིན་ཏེ། ཡོང་འབབ་བརྟན་པོ་བྱུང་བ་རེད། 2018ལོའི་བྲིན་ཁ་རྒྱུག་ཤོས་ཀྱི་ཐོན་རྫས་ནི་བན་སྟོན་འཕྲུལ་འཁོར་ཡིན་པ་དང་། འདི་ལོ་ཤར་ཚུན་དུ་རོལ་རྩེད་གློག་རྡུལ་ཐོན་རྫས་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་རེད།

    བཅར་འདྲི་མཇུག་འགྲིལ་ཉེར་མཚམས་སུ་ནོར་བུ་འཕགས་པས། “ལས་གཏོད་བྱ་རྒྱུའི་སེམས་ཐག་བཅད་དོན་ནི་རང་ཉིད་ཀྱི་མི་ཚེར་བཀྲག་མདངས་མང་ཙམ་བསྣན་ཏེ། དེ་བས་མཛེས་སྡུག་ལྡན་པར་བྱེད་ཆེད་ཡིན། ད་ཆ་ངའི་བསམ་འདུན་དེ་སྒྲུབ་སོང”ཞེས་ནོར་བུ་འཕགས་པས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།