[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • རྒྱ་མཚོ་ཆེན་པོར་བགྲོད་པར་དེད་དཔོན་ལ་བརྟེན་དགོས།

    —— སྒར་རྫོང་གཙོ་ཚོ་ཤང་རྒོད་ཚང་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བློ་བཟང་ཆོས་རྒྱལ་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-06

    655779_yis_1566622801287.jpg

    འདི་ནི་བློ་བཟང་ཆོས་རྒྱལ(གཡོན)གྱིས་རྒོད་ཚང་སྨད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱིས་བཙུགས་པའི་གཙོ་ཚོ་གྲོང་སྐྱིད་འབྲོག་པའི་ཁྱད་ལྡན་བོད་ཟས་ཁང་དུ་མང་ཚོགས་དང་སྤེལ་རེས་བྱས་ཏེ་ཟ་ཁང་གི་ཚོང་གཉེར་གནས་ཚུལ་སྐོར་འདྲི་བཞིན་པ།

    སྒར་རྫོང་གཙོ་ཚོ་ཤང་རྒོད་ཚང་སྨད་གྲོང་ཚོའི་མང་ཚོགས་ཚང་མས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བློ་བཟང་ཆོས་རྒྱལ་གྱིས་ལག་པར་རྟག་ཏུ་དེབ་ཆུང་ཞིག་འཁྱེར་བའི་ནང་བསྒྲུབ་རྩིས་ཡོད་པའི་ལས་དོན་དང་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་དཀའ་ངལ་རྣམས་གསལ་པོར་བཀོད་ཡོད་ལ། བསྒྲུབས་ཟིན་པ་དང་། སྒྲུབ་བཞིན་པ། དཀའ་ངལ་ཡོད་པ་སོགས་ཀྱང་རེ་རེ་བཞིན་ཐོ་བརྒྱབ་ཡོད་པ་ཤེས་ཀྱི་ཡོད།

    “དེ་འདྲ་བྱེད་དོན་གཙོ་བོ་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་དྲན་གསོ་སྐུལ་ཏེ་ཚད་ཡོད་ཀྱི་ཞབས་ཞུའི་དུས་ཚོད་ནང་གྲོང་མི་རྣམས་ལ་དོན་དངོས་གང་མང་མང་སྒྲུབ་དགོས་སྙམ་གྱི་འདུག”ཅེས་བློ་བཟང་ཆོས་རྒྱལ་གྱིས་དེ་ལྟར་བརྗོད། “90ནང་སྐྱེས”ཀྱི་གྲོང་ཚོའི་ལས་བྱེད་པ་བློ་བཟང་ཆོས་རྒྱལ་ལས་ཀར་སླེབས་རྗེས་ཀྱི་ལོ་དྲུག་གི་དུས་ཚོད་ནང་དུས་ཚོད་དང་ནུས་ཤུགས་ཚང་མ་རྒོད་ཚང་སྨད་གྲོང་ཚོ་འཕེལ་རྒྱས་ལ་ཕུལ་ཡོད།

    ས་སྐྱེས་རྡོ་སྐྱེས་ཀྱི་མངའ་རིས་བ་བློ་བཟང་ཆོས་རྒྱལ་གྱིས་ཐོག་མར་གྲོང་དཔོན་བྱེད་སྐབས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཧུར་ཐག་ཞུགས་ཡོད། 2017ལོའི་ཟླ་4པར་རྫོང་ཨུད་རྩ་འཛུགས་པུའུ་དང་ཤང་ཏང་ཨུད་ཀྱིས་སྤྱི་འདོམས་བཀོད་སྒྲིག་བྱས་རྗེས་ཁོང་མུ་མཐུད་རྒོད་ཚང་སྨད་གྲོང་ཚོར་གྲོང་སྡོད་རུ་དཔོན་དང་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བྱེད་དུ་བཅུག དེ་ནས་བཟུང་བློ་བཟང་ཆོས་རྒྱལ་གྱི་འཇོན་ཐང་ངོམས་ཡུལ་དེ་བས་རྒྱ་ཆེ་རུ་ཕྱིན།

    ཁྲོམ་རར་བརྟག་དཔྱད་དང་མང་ཚོགས་དང་མཉམ་དུ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་ཇི་ལྟར་སྐྱོད་མིན་གྲོས་བསྡུར་བྱས་རྗེས་བློ་བཟང་ཆོས་རྒྱལ་གྱིས་གྲོང་ཚོའི་ནང་ངལ་ལས་ཡོང་འབབ་རུ་ཁག་ཅིག་འཛུགས་པའི་བསམ་ཚུལ་བློ་ཁོག་ཆེན་པོས་བཏོན།

    བློ་བཟང་ཆོས་རྒྱལ་གྱི་འབད་འཐབ་ལྷོད་མེད་དང་ཕྱོགས་མང་པོའི་རོགས་རམ་འོག 2017ལོར་གཙོ་ཚོ་གྲོང་ཚོའི་ཞིང་འབྲོག་པའི་ངལ་ལས་ཡོང་འབབ་རུ་ཁག་ལ་སྒར་རྫོང་སྲིད་གཞུང་དང་རྫོང་དབུལ་སྐྱོར་གཞུང་ལས་ཁང་གིས་རོགས་སྐྱོར་གནང་བའི་འདོན་འཇུག་འཕྲུལ་འཁོར་ཆེ་གྲས་ཤིག་རག དེ་རྗེས་ཁོང་གིས་ད་དུང་རྫོང་མི་སྤྱི་ཅུས་དང་མཐུན་སྦྱོར་བྱས་ཏེ་གྲོང་ཚོའི་གཞོན་ནུ་རྣམས་འདོན་འཇུག་འཕྲུལ་འཁོར་གཏོང་བའི་གསོ་སྦྱོང་ལ་ཞུགས་སུ་བཅུག་པ་མ་ཟད། གཙོ་ཚོ་ཤང་དུ་རིམ་བཞིའི་གཞུང་ལམ་བསྐྲུན་པའི་གོ་སྐབས་དམ་འཛིན་བྱས་ཏེ་ཨར་སྐྲུན་རུ་ཁག་ལ་གྲོང་ཚོའི་འདོན་འཇུག་འཕྲུལ་འཁོར་དང་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་པའི་འབྲེལ་བ་བྱས་ནས་མང་ཚོགས་ཀྱི་ངལ་རྩོལ་ཡོང་འབབ་མང་དུ་བཏང་ཡོད།

    བློ་བཟང་ཆོས་རྒྱལ་གྱིས་འབད་བརྩོན་ལྷོད་མེད་བྱས་པར་གྲོང་ཚོ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་དང་། གོང་རིམ་སྡེ་ཚན། ཨར་སྐྲུན་ཕྱོགས་བཅས་ཀྱི་ཡིད་ཆེས་ཐོབ་ནས། རྒོད་ཚང་སྨད་གྲོང་ཚོའི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱང་ལོ་རེ་ལས་མ་འདས་པར་རྒྱ་སྟོབས་ཆེ་རུ་ཕྱིན། 2017ལོ་ནས་2018ལོ་བར་མཉམ་ལས་ཁང་གིས་ཁེ་བཟང་སྒོར་ཁྲི་17བགོ་བཤའ་བརྒྱབ་པ་དང་། གྲོང་ཚོ་ཡོངས་ཀྱི་མི་རེར་ཆ་སྙོམས་ཡོང་འབབ་དེ་སྔའི་སྒོར་4000ནས་སྒོར་ཁྲི་1ལྷག་ཙམ་བར་མང་དུ་ཕྱིན་ནས་དབུལ་སྒྲོལ་ཞྭ་འབུད་ཀྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་ཡོད།

    བློ་བཟང་ཆོས་རྒྱལ་གྱིས་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་མང་ཚོགས་ལ་བཅངས་ནས་རྒོད་ཚང་སྨད་གྲོང་ཚོར་སྡོད་པའི་ལོ་དྲུག་རིང་། སྔ་རྗེས་སུ་ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མ་3ལ་རོགས་རམ་བྱས་པ་དང་། དུད་ཚང་དབུལ་པོ་3གྱི་མི་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་ཡོད། ཁོང་གིས་མང་ཚོགས་ལ་དངུལ་སྨར་དང་དངོས་ཟོག་རོགས་རམ་དང་ཞལ་འདེབས་ཕུལ་བ་དངུལ་ལ་ཕབ་ན་སྒོར་ཁྲི་5ཙམ་ཟིན་ཡོད།

    སྔོན་མ་རྒོད་ཚང་སྨད་གྲོང་ཚོར་སློབ་མ་སློབ་མཚམས་ཆད་པའི་སྣང་ཚུལ་རྟག་ཏུ་ཐོན་གྱི་ཡོད། གྲོང་ཚོའི་སློབ་གསོ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། བློ་བཟང་ཆོས་རྒྱལ་གྱིས་རྟག་ཏུ་མི་སེར་ལ་རང་ཉིད་ཀྱིས་སློབ་གསོ་མྱངས་རྗེས་འགྱུར་ལྡོག་ཅི་འདྲ་བྱུང་མིན་སྐོར་གླེང་སྟེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་རིམ་བཞིན་སློབ་མའི་ཁྱིམ་བདག་ལ་སློབ་མ་དུས་ཐོག་ཏུ་སློབ་གྲྭར་སྐྱེལ་དགོས་པའི་མངགས་བྱ་བྱེད་ཀྱི་ཡོད། ཁོང་གིས་གྲོང་ཚོ་ཨུ་ལྷན་གྱི་སྒོ་འགྲམ་དུ་འཕྲེད་ཡིག་སྦྱར་ནས《འོས་འགན་སློབ་གསོའི་བཅའ་ཁྲིམས》དང《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག“ཁྱིམ་བདག་ལ་བསྐུར་བའི་ཡི་གེ་གཅིག”སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཁྱིམ་བདག་ལ《འོས་འགན་སློབ་གསོའི་བཅའ་ཁྲིམས》དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད། ད་དུང་ཁོང་གིས་སློབ་གྲྭར་མ་འབྱོར་བའི་སློབ་མའི་ཁྱིམ་ཚང་ཡོད་དོ་ཅོག་ལ་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་བྱས་པ་དང་འབྲེལ་སློབ་གསོ་གཏིང་ཟབ་བརྒྱབ་སྟེ་གྲོང་ཚོ་ཡོངས་སུ་སློབ་མ་གཅིག་ཀྱང་སློབ་མཚམས་མི་ཆད་པ་བྱེད་ཀྱི་ཡོད།

    “གལ་ཏེ་ཧྲུའུ་ཅི་བློ་བཟང་ཆོས་རྒྱལ་ལགས་མེད་ན། ང་ཚོ་ད་ལྟའང་ལུག་རྫི་བྱ་རྒྱུ་ལས་མ་འདས། དེས་ཡོང་འབབ་མང་དུ་འགྲོ་རྒྱུ་ལྟ་ཅི། དབུལ་སྒྲོལ་ཡང་རྩ་བ་ནས་ཐུབ་ཐབས་བྲལ”ཞེས་རྒོད་ཚང་སྨད་གྲོང་ཚོའི་དབུལ་སྒྲོལ་མང་ཚོགས་རིག་འཛིན་རྡོ་རྗེས་སེམས་འགུལ་ཐེབས་བཞིན་དུ་དེ་ལྟར་བརྗོད།

    འདི་ལོའི་ཟླ་དྲུག་པར་བློ་བཟང་ཆོས་རྒྱལ་གྱིས་གྲོས་འགོ་བཏོན་པ་དང་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཡོངས་ཀྱིས་མོས་མཐུན་བྱས་རྗེས་མཉམ་དུ་སྒོར་ཁྲི་26བཏང་སྟེ་གཙོ་ཚོ་གྲོང་སྐྱིད་འབྲོག་པའི་ཁྱད་ལྡན་བོད་ཟས་ཁང་དེ་ཉིད་སེང་གེ་ཁ་འབབ་གྲོང་རྡལ་གྱི་འདུ་འཛི་ཆེ་ཁུལ་དུ་ལས་གཉེར་བྱེད་འགོ་ཚུགས། རྒྱུན་གཏན་གྱི་ཁ་ལག་དང་ཇ་རིགས་ཕུད། ད་དུང་གྲོང་ཚོའི་ནོར་ལུག་གི་ཤ་གཅིག་སྡུད་ཐོག་བཙོངས་ཏེ་མང་ཚོགས་ལ་འབྲོག་ཟོག་འཚོང་ཡུལ་བརྟན་པོ་ཞིག་དང་སྟབས་བདེ་ཞིག་མཁོ་འདོན་བྱས་ཡོད། ད་བར། བོད་ཟས་ཁང་གི་ཟླ་རེའི་ཡོང་འབབ་སྒོར་ཁྲི་3ལྷག་ཟིན་པ་དང་། ནོར་ལུག་གི་ཤ་བཙོངས་པར་སྒོར་ཁྲི་1.6ཙམ་བྱུང་སྟེ་ཡོང་འབབ་ཉུང་བའི་མང་ཚོགས་3གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཡོད།

    “རྒོད་ཚང་སྨད་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་པོར་མཚོན་ན། གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་ནི་འདོར་ཐབས་མེད་པའི་འགན་འཁྲི་དང་འོས་འགན་ཞིག་རེད། ངས་མུ་མཐུད་ལས་ཀ་ཧུར་ཐག་བྱ་རྒྱུ་ཡིན”ཞེས་བློ་བཟང་ཆོས་རྒྱལ་གྱིས་དགའ་ཚོར་དང་བཅས་དེ་ལྟར་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།