[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མི་སྣ།
  • དངོས་པོའི་དཔལ་ཡོན་དར་རྒྱས་སོང་བའི་རྗེས། བསམ་པའི་འཚོ་བར་འགྱུར་ལྡོག་གཏོང་འགོ་ཚུགས།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པའི་གྲས་ཟླ་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-06

    微信图片_20190831120635.jpg

    འདི་ནི་ཁེ་གསུམ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཟླ་བ་ཡིན་པ།

    བོད་མིའི་འབྱུང་ཁུངས་ལྷོ་ཁར་བོད་ཁུལ་ཡོངས་ལ་གྲགས་ཆེ་བའི་གྲོང་ཚོ་ཞིག་ཡོད། གྲོང་ཚོ་དེ་ནི་ཁེ་གསུམ་གྲོང་ཡིན། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ནས་སྣུམ་ནག་ལམ་ཆེན་དེད་དེ་སྤྱི་ལེ་7ཙམ་སོང་རྗེས་ང་ཚོའི་མིག་ལམ་དུ་གྲགས་ཆེ་བའི་ཁེ་གསུམ་གྲོང་ཚོ་མཐོང་བྱུང་།  ཁེ་གསུམ་གྲོང་ཚོ་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་དེ་ཡིན་པ་དང་། ཕྱིས་འབྱུང་གི་ལོ་ཟླའི་ནང་གྲོང་ཚོ་དེས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་བརྒྱུད་རིམ་ཧྲོལ་པོའི་ཁྲོད་སྐུལ་ཁྲིད་ཀྱིས་ནུས་པ་ཆེན་པོ་ཐོན་ཡོད་པ་རེད། ད་ལོ་ལོ་58ལ་སླེབས་པའི་ཟླ་བ་ནི་ཁེ་གསུམ་གྲོང་ཚོར་འཚོ་བ་སྐྱེལ་བཞིན་ཡོད་པའི་ཕྱུག་འགྱུར་སྣེ་ཁྲིད་པའི་གྲས་ཤིག་ཡིན་པ་དང་། སྒྱུར་བཅོས་སྒོ་དབྱེའི་རྗེས་སུ་སྲིད་ཇུས་བཟང་པོའི་གོ་སྐབས་དམ་འཛིན་བྱེད་ཐུབ་པའི་རྨང་གཞིའི་ཐོག་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད་མཁན་ཞིག་ཡིན། ད་ཐེངས “དུས་རབས་གསར་པར· མཐའ་མཚམས་སུ་སྐྱོད་པའི ”བོད་ཀྱི་དྲ་རྒྱའི་དཔྱད་བརྗོད་ཁྲིད་སྟོན་བྱེད་སྒོའི་གོ་སྐབས་དང་བསྟུན་ནས་གསར་འགོད་པ་རྣམས་ཁོང་གི་ཁྱིམ་དུ་བསྐྱོད་ནས་བཅར་འདྲི་བྱས་པ་ཡིན།  ང་ཚོ་གསར་འགོད་པ་ཁོང་གི་སྒོ་འགྲམ་དུ་འབྱོར་རྗེས་ཁོང་གིས་དགའ་དགའ་སྤྲོའི་སྤྲོའི་ངང་བསུ་བ་ཞུས་ནས་ཁྱིམ་དུ་ཁྲིད་བྱུང་།  


    微信图片_20190831120609.jpg

    འདི་ནི་ཁང་པའི་འཕོ་འགྱུར་མཚོན་པའི་པར་རིས་ཤིག་ཡིན་པ།

    ཟླ་བ་ནི་ཞིང་ལས་ཁོ་ནར་མགོ་འཁོར་མཁན་ཞིག་ག་ལ་ཡིན།  

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་ཆགས་པའི་ཁེ་གསུམ་གྲོང་ཚོ་ནི་དེ་སྔའི་བོད་ས་གནས་སྲིད་གཞུང་གི་བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱིས་སྒེར་འཛིན་བྱས་པའི་གཞིས་ཀ་ཞིག་ཡིན། ཁེ་གསུམ་ཞེས་པའི་ཐ་སྙད་འབྱུང་སྟངས་ནི་ཟུར་ཁང་གཞིས་ཀའི་ཁང་པ་རྒྱག་སྐབས། ས་རྡོ་དང༌། ཤིང་ཆ་འུ་ལག་བཅས་ལ་དངུལ་སྐར་མ་གང་ཡང་སྤྲོད་མི་དགོས་པའི་ཁེ་ཆེན་པོ་གསུམ་བྱུང་བས་ན་ཁེ་གསུམ་ཞེས་བྱུང་བར་གྲགས། སྔོན་ཆད་ཟླ་བའི་ཁྱིམ་ཚང་ནི་མི་རབས་ནས་མི་རབས་བར་ཁེ་གསུམ་གྲོང་ཚོར་ཁྲལ་པ་བྱས་ནས་འཚོ་བར་སྐྱེལ་མཁན་ཞིག་ཡིན། རླབས་ཆེན་གྱི་ཀྲུང་གོ་གུན་ཁྲང་ཏང་གི་ཡང་དག་པའི་དབུ་ཁྲིད་འོག་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། ཁེ་གསུམ་གྲོང་ཚོ་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོར་གྱུར་བ་རེད། ཟླ་བའི་ཕ་མ་གཉིས་ལ་ཁྱོན་ཕྲུ་གུ་8ཡོད་པ་དང་། གོང་རིམ་ནས་ཞིང་ཁ་བགོ་བཤའ་རྒྱག་སྐབས་ཁོང་ཚོའི་ཁྱིམ་ཚང་ལ་ཞིང་ཁ་མུའུ་28རག་པ་དང་། ཕ་མ་གཉིས་པོས་ཟླ་བ་ནི་ཕྲུ་གུའི་ནང་གི་ཆེ་ཤོས་ཡིན་པར་གཞིགས་ནས་ཁོང་ལ་མུའུ་6སྤྲད་པ་རེད། ཕྲུ་གུ་གཞན་པ་རྣམས་ཀྱིས་ཞིང་ལས་ཁོ་ནར་མགོ་འཁོར་ནས་ཚོང་ལས་གཉེར་རྒྱུའི་བསམ་བློ་ཡེ་ནས་འཁོར་མྱོང་མེད། ཟླ་བ་ནི་རིག་གནས་ཀྱི་ཆུ་ཚད་སློབ་ཆུང་ཙམ་ལས་མེད་ཀྱང་། མིག་རྒྱང་རིང་བའི་མི་ཞིག་ཡིན་པས། ཁོང་གིས་ཞིང་ལས་ཁོ་ནར་མགོ་འཁོར་ནས་བསྡད་ན་རང་གི་འཚོ་བའི་སྤུས་ཚད་ཇེ་བཟང་དུ་གཏོང་རྒྱུ་ཉིན་མོའི་སྐར་མ་ལྟ་བུ་ཡིན་པ་ངོས་འཛིན་གསལ་པོར་ཐུབ་ནས། ཚོང་ལས་ལ་བརྟེན་ནས་རང་གི་ལས་དབང་ལ་ཁོ་ལོ་བསྒྱུར་འདོད་ཡོད་ཀྱང་། ཕ་མ་གཉིས་པོས་ཁོང་གི་བསམ་བློར་རོགས་སྐྱོར་གནང་རྒྱུ་ལྟ་ཅི། ཚོང་ལས་གཉེར་ན་ཉེན་ཁ་ཆེན་པོ་ཡོད། དེ་ལས་ཞིང་ལས་ཁོ་ན་བྱས་ན་ལེགས་ཞེས་བཤད་ཀྱང་། ཟླ་བ་གཉེན་སྒྲིག་བྱས་རྗེས་1984ལོར་དངུལ་ཁང་ནས་སྒོར་3000གཡར་ནས་འདྲུད་འཐེན་འཕྲུལ་འཁོར་ཞིག་ཉོས་པ་རེད།  དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་ནང་ཞིང་པ་ཞིག་གི་ངོས་ནས་བཤད་ན་སྒོར་3000ནི་དངུལ་གྲངས་ཉུང་ཉུང་ཞིག་ག་ནས་ཡིན། སེམས་ནང་བུ་ལོན་དུས་ཐོག་ཏུ་འཇལ་ཨེ་ཐུབ་སྙམ་པའི་ཐེ་ཚོམ་མེད་པ་ག་ལ་སྲིད། ཟླ་བ་ནི་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་མི་ཞིག་ཡིན་པས། ཞིང་ལས་དུས་ཚོད་ཕུད་ཁོང་གིས་ཉེ་འཁོར་གྱི་ས་ཆ་ཁག་ཏུ་འདྲུད་འཐེན་འཕྲུལ་འཁོར་ལ་བརྟེན་ནས་སྐྱེལ་འདྲེན་གྱི་ལས་ལ་ཞུགས། དུས་དེ་ནས་བཟུང་ཁོང་གི་ཕྱུག་འགྱུར་ལམ་བུའི་རྨང་གཞི་བརྟན་པོ་འདིང་ཐུབ་པ་བྱུང་ཡོད་པ་རེད། 

    微信图片_20190831120618.jpg

    འདི་ནི་གསར་འགོད་པས་ཟླ་བར་བཅར་འདྲི་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

    ཀླད་པ་ལེགས་པར་དཀྲུགས་ནས་ཕྱུག་པོའི་ལམ་དུ་བསྐྱོད།

    ཁྱིམ་དུ་འདྲུད་འཐེན་འཕྲུལ་འཁོར་ཉོས་པ་ནས་བཟུང་། ཟླ་བའི་ཁྱིམ་ཚང་གི་འཚོ་བའི་ཆུ་ཚད་སྔར་དང་མི་འདྲ་བའི་འགྱུར་ལྡོག་བྱུང་ཡོད་ཀྱང་། ཟླ་བར་མུ་མཐུད་དུ་ཡར་ཐོག་ཡག་བརྩེགས་ཡོང་བའི་སེམས་ཤུགས་ཆེན་པོ་ཡོད། རྗེས་སུ་ཁོང་གིས་སྒོར་ཁྲི་7ཙམ་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཉོས་ནས་སྐྱེལ་འདྲེན་གྱི་ལམ་ལ་ཞུགས། དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་གྲོང་གསེབ་ཏུ་འཚོ་བ་སྐྱེལ་མཁན་གྱི་ཞིང་པ་ཙམ་མ་ཟད་གྲོང་ཁྱེར་ནང་འཚོ་བ་སྐྱེལ་མཁན་གྱི་ལས་བྱེད་པར་མཚོན་ནའང་སྒོ་ཁྲི་7ནི་ཁ་གྲངས་ཧ་ཅང་མང་པོ་ཞིག་རེད། སྐྱེལ་འདྲེན་བྱེད་རིང་ཟླ་བས་འགྲུལ་པ་རྣམས་དམིགས་སར་སླེབས་རྗེས་རླངས་འཁོར་ནས་བབས་ཏེ་གང་སར་ཟ་ཁང་འཚོལ་བར་འགྲོ་ཡི་ཡོད་པ་ཤེས་རྗེས། ཁོང་གི་སེམས་ནང་ཟ་ཁང་ཞིག་བཙུགས་ན་ཡོང་འབབ་མི་དམན་པ་ཞིག་ཡོང་བ་འདུག་བསམས་ནས་སྐྱེལ་འདྲེན་གྱི་ཞོར་དུ་ཟ་ཁང་ཞིག་བཙུགས། ལོ་རེ་ལས་མ་བསྡད་པར་ཡོང་སྒོ་ཇེ་མང་དུ་སོང་བས། 2012ལོར་སྒོར་ཁྲི་95བཏང་ནས་ལག་ཁྱེར་ཆ་ཚང་བའི་གླ་བྱེད་རླངས་འཁོར་ཞིག་ཉོས་པ་རེད།  ད་ལྟ་ཁོང་གི་འཚོ་བའི་ཆུ་ཚད་ལ་མཚོན་ན་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་30000ལྷག་ཙམ་ཡོད་པ་དང་། གྲོང་ཚོ་ཧྲིལ་པོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་19000ཙམ་ཟིན་གྱི་ཡོད་པ་རེད། ཁོང་གིས་གསར་འགོད་པ་དང་བགྲོ་གླེང་བྱེད་སྐབས་ཁེངས་སྐྱུང་ཆེན་པོས“ངའི་འཚོ་བ་ནི་འབྲིང་ཙམ་རེད། གྲོང་ཚོའི་ནང་འཚོ་བ་ང་དང་འདྲ་བའི་ཁྱིམ་ཚང་བརྒྱ་ཆ་བདུན་ཅུ་ཡན་ཟིན་གྱི་ཡོད”ཅེས་བཤད་བྱུང་། ཁོང་ནི་ཆུ་མོ་གྲོལ་སོང་ཟམ་པ་ག་ལེར་བཞུགས་ཟེར་མཁན་གྱི་མི་ཞིག་མིན་པས། ཁྱིམ་ཚང་ཆ་རྐྱེན་ཡག་ཏུ་སོང་རྗེས་ཁོང་གིས་ཡུལ་མི་རྣམས་མ་བརྗེད་པར་གཏན་འཁེལ་གྱི་དུས་ཚོད་ནང་འགན་ལེན་ལྔའི་དུད་ཚང་ལ་འཚམས་འདྲི་བྱེད་པ་མ་ཟད་རང་ནུས་ཅི་ལྕོགས་ཀྱིས་ཁོང་རྣམ་པར་རོགས་ཙམ་བྱས་དང་བྱེད་མུས་སུ་མཆིས།


    微信图片_20190831120559.jpg

    འདི་ནི་ཟླ་བའི་མིག་སྔའི་སྡོད་ཁང་ཡིན་པ།  

    བུ་ཕྲུག་ལེགས་པར་བསྐྱངས་རྗེས་རང་ཉིད་སྒྱུ་རྩལ་ཕྱོགས་ལ་གཞོལ། 

    གསར་འགོད་པས་ཁོང་ལ་ཕྲུ་གུ་ག་ཚོད་ཡོད་ཅེས་སྐད་ཆ་འདྲི་སྐབས་ཁོང་གིས་འཛུམ་དམུལ་དམུལ་ངང“ང་ལ་བུ་གཉིས་དང་བུ་མོ་གཅིག་ཡོད། བུ་རྒན་པའི་མིང་ལ་བཀྲ་ཤིས་རྣམ་རྒྱལ་དང་། གཞོན་པའི་མིང་ལ་བློ་བཟང་དབང་ཕྱུག བུ་མོའི་མིང་ལ་ཡེ་ཤེས་མཚོ་མོ་ཟེར་གྱི་ཡོད  ” ཅེས་བཤད་བྱུང་། བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བཏང་གོང་སློབ་གྲྭར་ཕྱིན་ནས་རང་གི་ལས་དབང་ལ་འགྱུར་ལྡོག་གཏོང་རྒྱུ་ནི་ཉིན་མོའི་སྐར་མ་དང་། རི་བོང་གི་རྭ་ཅོ་ལྟ་བུ་ཡིན། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཏང་གི་སྲིད་ཇུས་བཟང་པོའི་འོག་བུ་ཕྲུག་རྣམས་ཤེས་རིག་གི་རྒྱ་མཚོའི་གླིང་དུ་འགྲོ་རྒྱུ་བྱུང་བའི་རྨང་གཞིའི་ཐོག ཕ་མ་གཉིས་པོས་བྱམས་དང་བརྩེ་བས་བསྐྱངས་པ་དང་བུ་ཕྲུག་རང་ངོས་ནས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་པས། འབྲས་བུ་མི་དམན་པ་ཞིག་ཐོབ་ཡོད་པ་རེད། ད་ལྟ་བུ་རྒན་པ་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ས་གཞིས་ཅུས་སུ་ཅུས་ཀྲང་གི་འགན་ཁུར་ནས་མི་དམངས་ལ་ཞབས་འདེབས་ཞུ་བཞིན་ཡོད་པ་དང་། བུ་འབྲིང་བས་ཁྱིམ་ཚང་གི་འགན་ཁུར་བ་དང་། ཕ་ཟླ་བས་ཉོས་པའི་གླ་བྱེད་རླངས་འཁོར་བཏང་ནས་བདེ་སྐྱིད་ཀྱི་འཚོ་བ་གཏོད་བཞིན་ཡོད། བུ་མོ་ཡེ་ཤེས་མཚོ་མོ་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ནས་ཐོན་པ་དང་། མིག་སྔར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པ་རེད།  ད་ཆ་ཟླ་བ་བཟའ་ཚོ་གཉིས་པོས་བུ་ཕྲུག་གསུམ་པོའི་འཚོ་བའི་ཐད་སེམས་ཁྲལ་གང་ཡང་མེད་པས་བློ་བདེ་བག་ཕེབས་ངང་འཚོ་བ་སྐྱེལ་བཞིན་ཡོད། ཟླ་བའི་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཡག་པོ་ཡོད་པས། ཁོང་ལ་ཡོད་པའི་ཞིང་ཁ་མུའུ་6དེ་མི་གཞན་ལ་བོགས་མར་བཏང་ཡོད་པ་དང་། ལོ་མཇུག་ཏུ་རང་ཉིད་བཟའ་རྒྱུའི་ནས་དང་གྲོ་ཏོག་ཙམ་མ་གཏོགས་བོགས་དངུལ་ལེན་གྱི་མེད་པ་རེད། གཞན་ཡང་། ཟླ་བ་ནི་སྒྱུ་རྩལ་ལ་དགའ་ཞེན་ཧ་ཅང་ཆེན་པོ་ཡོད། ད་ལྟ་དཔལ་འབྱོར་གྱི་འཁུར་པོ་གང་ཡང་མེད་པས་རང་ལ་སྔ་ས་ནས་ཡོད་པའི་དགའ་ཕྱོགས་དེ་མུ་མཐུད་སློབ་སྦྱོང་བྱ་རྒྱུ་བྱུང་། ཁོང་རང་ཉིད་ཀྱིས་དངུལ་བཏོན་ནས་གྲོང་ཚོའི་ནང་དུ་དགེ་རྒན་གདན་དྲངས་ནས་གཞས་དང་ཞབས་བྲོ་བསླབ་ཏུ་བཅུག་པ་དང་། ཞབས་བྲོར་མཁོ་བའི་སྒྲ་སྒམ་སོགས་ཉོས་ཏེ། གྲོང་ཚོའི་ནང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཙུགས་པའི་ཞོར་དུ་གཞས་ཚིག་གསར་པ་བརྩམས་ནས་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་། གྲོང་མི་ཚོས་ཟླ་བ་ལ་དགའ་པོ་བྱེད་པ་མ་ཟད་གྲོང་ཚོའི་ནང་ཆ་འཇོག་བློ་གཏོད་བྱེད་སའི་མི་ཞིག་ལ་རྩི་བཞིན་མཆིས།  ཁོང་གིས་ཀྱང་ཁེ་གསུམ་གྲོང་ཚོ་གོམ་གང་མདུན་སྤོས་ཀྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུའི་ནང་རང་ནུས་ཡོད་རྒུས་ནུས་ཤུགས་འདོན་རྒྱུར་ཐེ་ཚོམ་ཡེ་ནས་མེད་པ་ཁོང་གི་བྱ་སྤྱོད་ངོ་མའི་ཐོག་ནས་ཤེས་ནུས། (གསར་འགོད་པ། ཉི་མ་ཚེ་རིང་། ཚེ་བརྟན་རྡོ་རྗེ། བདེ་སྐྱིད་གཡང་འཛོམས། བསོད་ནམས་དབང་འདུས། ཀྲུའུ་ཧྲན

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།