[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • 2019ལོའི “ཀྲུང་གོའི་མངོན་མིན་རིག་གནས་ཤུལ་གྱི་ལོ་འཁོར་མི་སྣ”ཡོངས་བསྒྲགས་བྱས་པ།

    རང་ལྗོངས་ཀྱི་སྨན་གསར་ལུགས་ཀྱི་ལྷ་རིས་པ་ནོར་བུ་སྲིད་ཐར་ལ་མཚན་སྙན་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-02

    360截图1642110174117101.png

    ནོར་བུ་སྲིད་ཐར་གྱིས་སློབ་མར་མཛུབ་སྟོན་བྱེད་བཞིན་པ། 

    ཟླ་12ཚེས་29ཉིན། 2019ལོའི “ཀྲུང་གོའི་མངོན་མིན་རིག་གནས་ཤུལ་གྱི་ལོ་འཁོར་མི་སྣ”བདམས་ཐོན་བྱུང་བའི་གནས་ཚུལ་པེ་ཅིང་དུ་ཡོངས་བསྒྲགས་བྱས་ཤིང་། ལས་རིགས་མི་འདྲ་བའི་ཕུལ་བྱུང་མི་སྣ་10ལ་དམིགས་བསལ་གྱི་མཚན་སྙན་ཐོབ་པ་དང་། རང་ལྗོངས་ཀྱི་སྨན་གསར་ལུགས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ནོར་བུ་སྲིད་ཐར་ལ་མཚན་སྙན་དེ་ཐོབ་པ་རེད། སྨན་གསར་ལུགས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ནོར་བུ་སྲིད་ཐར་གྱིས་རང་ཉིད་ཀྱི་ཕྱག་སོར་ལ་བརྟེན་ནས་བོད་ཀྱི་མཛེས་ལྗོངས་བཀོད་འབྲི་ལེགས་པར་བྱས་པ་མ་ཟད། ཕུལ་བྱུང་གི་ལྷ་རིས་པ་མང་པོ་གསོ་སྐྱོང་བྱས་ཡོད། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། ནོར་བུ་སྲིད་ཐར་གྱིས་བཙུགས་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་དུ་སློབ་མ་40ཡོད་པ་དང་། ཁོང་གིས་ལྷ་རིས་པ་300ལྷག་ཙམ་གསོ་སྐྱོང་གནང་ཡོད། 

    ཐང་ག་ནི་བོད་ཀྱི་རིག་གནས་བང་མཛོད་ཆེན་མོའི་ནང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་ཞིག་ཡིན་ཞིང་། ཐང་གར་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པ་དང་། ལུགས་མི་འདྲ་བ་མང་དག་ཐོན་ཏེ་རྩེར་སོན་གྱི་ལྷ་རིས་པ་མང་པོ་བྱུང་ཡོད། ནོར་བུ་སྲིད་ཐར་གྱིས་དེང་སྐབས་བོད་ཀྱི་ཐང་གའི་སྒྱུ་རྩལ་ཁྱབ་ཁོངས་ནང་གནས་བབ་གལ་ཆེན་བཟུང་ཡོད། ཁོང་ནི་སྨན་གསར་ལུགས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་པ་དང་། ལོ་8བེད་སྤྱོད་བྱས་ནས་ཕོ་བྲང་པོ་ཏ་ལའི་ལྡེབས་རིས་ཉམས་བཟོའི་ལས་གྲྭར་ཞུགས། ཁོང་ནི་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གི་ཡོན་ཀྲང་ཡིན་པས། ཁོང་གིས་རང་གི་ཁྱིམ་རྒྱུད་ཀྱི་ལག་རྩལ་རིན་མེད་ཐོག་སློབ་མ་ཚོར་བསླབས་ནས་ཕུལ་བྱུང་གི་ལྷ་རིས་པ་མང་པོ་གསོ་སྐྱོང་གནང་ཡོད། 

    ནོར་བུ་སྲིད་ཐར་ལོ་8ཀྱི་སྐབས་སུ། བོད་ཀྱི་རིག་གནས་ལ་གཞོལ་འགོ་ཚུགས་ཤིང་། ལོ་12ཀྱི་སྐབས་སུ་རང་ཉིད་ཀྱི་སྤོ་ལགས་དགེ་རྒན་དུ་བསྟེན་ནས་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་བརྩོན་པ་ཆེན་པོས་སྦྱངས། རང་ཉིད་ཀྱི་པིར་རྩལ་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་འགྲོ་ཆེད། སྔ་ཕྱིར་དཀའ་ཆེན་བློ་བཟང་ཕུན་ཚོགས་དང་། དཀའ་ཆེན་ཨ་དོན་གྱི་ཞབས་ལ་གཏུགས་ནས་མུ་མཐུད་སློབ་གཉེར་གནང་བ་དང་། ཕྱིས་སུ། བོད་ལྗོངས་སློབ་ཆེན་དུ་རི་མོའི་ལོ་རྒྱུས་དང་བོད་ཀྱི་རིག་གནས་ལ་སྦྱངས་པ་གནང་། ནོར་བུ་སྲིད་ཐར་གྱིས་སློབ་གཉེར་གནང་རྗེས། ཕུལ་བྱུང་གི་ཐང་གའི་བརྩམས་ཆོས་མང་པོ་བྲིས་པ་དང་། རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་ཚན་པ་བཀྲ་ཤིས་ལྷུན་པོར་བཞུགས་སུ་གསོལ་བའི་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་སྐུ་ཕྲེང་དགུ་པའི་བར་གྱི་སྐུ་གདུང་ལྷ་ཁང་གི་ལྡེབས་རིས་ཉམས་བཟོ་དང་། རྒྱལ་ཁབ་རིམ་པའི་གཙོ་གནད་ཚན་པ་ས་སྐྱ་དགོན་པའི་ལྡེབས་རིས་ཉམས་བཟོའི་ལས་གྲྭར་ཞུགས་པ་རེད། 

    2005ལོར། ནོར་བུ་སྲིད་ཐར་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་གདན་ཞུས་ལྟར། ཁོང་གིས་ཕོ་བྲང་པོ་ཏ་ལའི་བློས་བསླངས་ལྷ་ཁང་གི་ལྡེབས་རིས་ཉམས་བཟོའི་ལས་འགན་འཁུར་ཞིང་། དུས་ཡུན་ལོ་8རིང་བློས་བསླངས་ལྷ་ཁང་གི་ལྡེབས་རིས་ཉམས་བཟོ་གང་ལེགས་བྱས། སྐྱོན་ཆག་ཤོར་ཆེ་བའི་ལྡེབས་རིས་རྣམས་ཕབ་བཤུས་བྱས་པ་དང་། ཐང་ག་18ཀྱི་ཐོག་ཏུ་ཕབ་བཤུས་ཀྱི་ནང་དོན་བྲིས་ཏེ་ཕོ་བྲང་པོ་ཏ་ལར་ཕུལ་བ་རེད། ནོར་བུ་སྲིད་ཐར་གྱིས་ལྷ་རིས་པ་ན་གཞོན་མང་པོ་གསོ་སྐྱོང་བྱས་དང་བྱེད་མུས་ཡིན་པ་དང་། ཁོང་གིས་བཙུགས་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་དུ་སློབ་མ་40ཡོད་པ་དང་། ལྷ་རིས་པ་300ལྷག་ཙམ་གསོ་སྐྱོང་བྱས་ཡོད། སྨན་གསར་ལུགས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ནོར་བུ་སྲིད་ཐར་གྱིས་རང་ཉིད་ཀྱི་ཕྱག་སོར་ལ་བརྟེན་ནས་བོད་ཀྱི་མཛེས་ལྗོངས་བཀོད་འབྲི་ལེགས་པར་བྱས་པ་མ་ཟད། ཕུལ་དུ་བྱུང་བའི་ལྷ་རིས་པ་མང་པོ་གསོ་སྐྱོང་བྱས་ཡོད།

    གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ནོར་བུ་སྲིད་ཐར་གྱིས་བཙུགས་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་ནས་གསོ་སྐྱོང་བྱས་པའི་ལྷ་རིས་པས་རང་ལྗོངས་ཀྱི་ལྷ་རིས་པའི་བརྒྱ་ཆ་སུམ་ཅུ་ཟིན་ཡོད་པ་དང་། ཁོང་གིས་རང་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་གྱི་སྲུང་སྐྱོབ་དང་།  རྒྱུན་འཛིན། འཕེལ་རྒྱས་བཅས་ལ་ཁ་ཡོད་ལག་ཡོད་ཀྱི་ལེགས་སྐྱེས་ཕུལ་ནས། རང་ལྗོངས་ཀྱི་དམིགས་བསལ་གྱི་རིག་གནས་ཐོན་ལས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།