[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • སྙན་དབྱངས་སྒྱུ་རྩལ་གྱི་ས་བོན། རྨད་བྱུང་ལེགས་སྐྱེས་ཀྱི་མི་ཚེ།

    —— གྲོང་ཁྱེར་རིམ་པའི་ལྷ་སའི་ནང་མ་སྟོད་གཞས་ཀྱི་རྒྱུན་འཛིན་པ་དང་བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་ཉི་མ་མཚམས་གཅོད་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-14

    701941_yis_1579517339390_s.jpg

    ཉི་མ་མཚམས་གཅོད་ཀྱིས་གླུ་ལེན་བཞིན་པ།

    701943_yis_1579517340389_s.jpg

    ཉི་མ་མཚམས་གཅོད་ཀྱིས་ཞབས་བྲོ་ནང་སྦྱོང་བྱེད་པ།

    ནང་མ་སྟོད་གཞས་ལ་མངའ་བརྙེས་པའི་ཉི་མ་མཚམས་གཅོད་ཀྱིས་སྐུ་ཚེའི་སྨད་དུ་རང་ཉིད་ཀྱི་ལྟེ་ཁྲག་འཕོ་སར་ལེགས་སྐྱེས་ཆེན་པོ་འབུལ་བའི་དཔེ་བཟང་དུ་གྱུར་པའི་མི་ཚེའི་བྱ་གཞག་ཅིག་ཡིན་པས། གསར་འགོད་པས་དེ་སྔོན་ནས་ཁོང་ལ་བཅར་འདྲི་ཞུ་རྒྱུའི་འདུན་པ་བཅངས་མོད། འོན་ཏེ་ནང་མ་སྟོད་གཞས་ཀྱི་འཁྲབ་སྟོན་སློབ་ཁྲིད་ལ་བར་མཚམས་མེད་པའི་དབང་གིས་ད་བར་བཅར་འདྲིའི་གོ་སྐབས་མེད་པར་ལུས།

    སྟབས་ལེགས་པ་ཞིག་ལ་ཉེ་དུས་འཚོགས་པའི་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པའི་སྐབས། ཉི་མ་མཚམས་གཅོད་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མིར་བདམས་ཐོན་བྱུང་སྟེ། ཚོགས་འདུར་ཞུགས་པ་དང་བསྟུན་ནས། དམངས་ཁྲོད་སྒྱུ་རྩལ་གྱི་ཞིང་ས་ཆེན་པོར་ཁོང་ཉིད་མཚར་སྡུག་བཀྲ་བའི་སྒྱུ་རྩལ་གྱི་མེ་ཏོག་ཅིག་ཏུ་ཇི་ལྟར་གྱུར་ཚུལ་དང་། བོད་ཀྱི་གནའ་བོའི་སྒྱུ་རྩལ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ལ་ལེགས་སྐྱེས་ཇི་ལྟར་ཕུལ་བའི་སྐོར་བཅར་འདྲི་བྱས་པ་ཡིན།

    ཕ་མའི་ཤུགས་རྐྱེན་བཟང་པོ་ཡིས། གང་གི་ལྷན་སྐྱེས་ཡོན་ཏན་འཕེལ།

    དེའང་ལོ་རབས་དྲུག་ཅུའི་དུས་དཀྱིལ་ཙམ་དུ། རྒྱུ་རྐྱེན་སྣ་ཚོགས་ཀྱིས་གངས་ལྗོངས་ཀྱི་མེས་པོའི་རིག་རྩལ་ཤེས་རབ་ཀྱི་ཉིང་བཅུད་དུ་གྱུར་པའི་ནང་མ་སྟོད་གཞས་ཉམས་རྒུད་སོང་ཞིང་། རླུང་ཁྲོད་ཀྱི་མར་མེ་ལྟར་ལུས། ཡིན་ནའང་སྒྲ་སྙན་བཟོ་རྩལ་བ། ཉི་མ་མཚམས་གཅོད་ཀྱི་ཕ་དམ་པ་ཕུར་བུ་ཚེ་རིང་ནི། སྲོལ་རྒྱུན་གྱི་ནང་མ་སྟོད་གཞས་ལ་ཧ་ཅང་དགའ་པོ་ཡོད་པར་བརྟེན། ད་ཆ་དགུང་ལོ་བརྒྱད་ཅུ་བརྒལ་ཅིང་། རྒྱལ་ཁབ་རིམ་པའི་གར་གྱི་རྒྱུན་འཛིན་པ་བགྲེས་སོང་བཀྲ་ཤིས་ཚེ་རིང་སོགས་ནང་མ་སྟོད་གཞས་ལ་དགའ་ཞེན་དང་ཞབས་གཞས་འཁྲབ་སྟོན་ལ་བྱང་བ་ཁ་ཤས་མཉམ་དུ་འཛོམས་ནས་ནང་མ་སྟོད་གཞས་འཁྲབ་སྦྱོང་གནང་གི་ཡོད་སྟབས། སྐབས་དེ་དུས་ཕྱི་རོལ་འཇིག་རྟེན་དུ་ནང་མ་སྟོད་གཞས་ཀྱི་སྒྲ་དབྱངས་དང་རྡོག་སྒྲ་ཐོས་རྒྱུ་མེད་རུང་། ཉི་མ་མཚམས་གཅོད་ཀྱི་ཁྱིམ་ཚང་ནས་ནང་མ་སྟོད་གཞས་ཡང་ཡང་ཐོས་རྒྱུ་ཡོད། དེ་དུས་ལོ་དྲུག་བདུན་ཙམ་ལ་སླེབས་པའི་ཉི་མ་མཚམས་གཅོད་ཀྱི་ཁྱིམ་ཚང་དེ། ནང་མ་སྟོད་གཞས་ཀྱི་མེ་སོན་གནས་པའི་ཐུན་མོང་མིན་པའི་ཁྱིམ་ཚང་ཞིག་ཏུ་གྱུར།

    ཁྱིམ་ཚང་གི་ཁོར་ཡུག་ལེགས་པོ་དེ་འདྲ་ཞིག་གི་ཁྲོད། སྐབས་དེ་དུས་ཉི་མ་མཚམས་གཅོད་བྱིས་བློ་མ་སངས་པའི་བྱིས་པའི་གྲལ་ཡིན་ཡང་། ཁོང་ནི་སྒྲ་སྙན་ཞབས་གཞས་དང་ལས་དབང་གཅིག་ཏུ་སྦྲེལ་བས། ཁོང་གི་ཕ་དང་ལྷན་དུ་འཛོམས་པའི་ཞབས་བྲོ་བ་ཁག་གཅིག་གིས་སྒྲ་སྙན་དཀྲོལ་གཏོང་དང་སྦྲགས། ནང་མ་སྟོད་གཞས་ལ་རོལ་འགོ་ཚུགས་ཙ་ན། བྱིས་པ་ཡིན་པའི་ཁོང་ཡང་དུས་མཉམ་དུ་སྒྲ་སྙན་ཞབས་གཞས་ཀྱིས་ཡིད་ཀྱི་སྤུ་ལོང་རབ་ཏུ་གཡོས་ཏེ། རྒན་རབས་ཚོའི་རྒྱབ་ངོས་སུ་ལད་མོས་སྒྲ་སྙན་ཞབས་བྲོ་སྦྱོང་གི་ཡོད་ལ། སྤྱིར་ཞབས་བྲོ་མི་ཉུང་བ་ཞིག་རྒན་རབས་དང་གཅིག་མཚུངས་འཁྲབ་ཐུབ་ཀྱི་ཡོད། ད་ལྟའི་སྒྱུ་རྩལ་མཁས་དབང་བཀྲ་ཤིས་ཚེ་རིང་གིས་སྐབས་དེ་དུས་ནས་ཁོང་ལ་བུ་མོ་འདི་ཆེན་པོ་ཆགས་རྗེས་སྒྲ་སྙན་ཞབས་བྲོ་བ་རྩེ་གྲ་ཞིག་ཆགས་པ་འདུག་ཅེས་གདེང་འཇོག་གནང་མྱོང་ལ། ད་ལྟའང་ཁོང་གིས་སྔར་བཞིན་ཉི་མ་མཚམས་གཅོད་ཀྱི་ཞབས་བྲོའི་སྐོར་གླེང་སྐབས། སྣོན་འཕྲི་གང་ཡང་མེད་པར་གདེང་འཇོག་གི་བཀའ་མོལ་དེ་རང་གསུང་བཞིན་མཆིས།

    གཞན་ཡང་། ཉི་མ་མཚམས་གཅོད་ད་ཆ་དབུས་གཙང་རུ་བཞིར་སྐད་གྲགས་ཆོད་པའི་དམངས་ཁྲོད་ཞབས་བྲོ་མཁས་ཅན་ཞིག་ཏུ་གྱུར་པའི་སྔ་ལྟས་བཟང་པོ་གཞན་ཞིག་ནི། ཁོང་བྱིས་པའི་དུས་ནས་འཆར་ཡོད་པ་ནི། དོན་འདི་འདྲ་ཞིག་ལས་ཀྱང་ར་འཕྲོད་པ་སྟེ། དེའང་ཁོང་ཁྱིམ་ཚང་དུ་ཕ་དང་དགའ་ཉེ་ཚོས་ཞབས་བྲོ་བསྐྱོན་བཞིན་དུ། སྐབས་འགར་མི་མང་སྐབས་ཕ་མས་བྱིས་པ་ཡིན་པའི་ཉི་མ་མཚམས་གཅོད་ཕྱི་རོལ་ཏུ་ཕྲུ་གུ་གཞན་དང་མཉམ་དུ་རྩེད་མོ་རྩེ་བར་གཏོང་གི་ཡོད་ཀྱང་། ཞབས་བྲོའི་འདུ་ར་ཆུང་ངུ་དེ་ནས་ཁ་འབྲལ་མི་འདོད་པར། ཞབས་བྲོ་བ་རྒན་གྲས་ཚོར་གསོལ་ཇ་དང་མཆོད་ཆང་ཞུ་བ་སོགས་བསྙེན་བཀུར་བགྱི་ཁུལ་གྱིས་རང་ཉིད་ཀྱི་ཞབས་བྲོ་སྦྱོང་བའི་དམིགས་ཡུལ་འགྲུབ་ཐབས་བྱེད། ཡང་ཁོང་ལ་གཅེན་གཅུང་ཁ་ཤས་ཡོད་པ་ཚོ་ལའང་ཁོང་གིས་རང་ཉིད་ཀྱིས་ཤེས་པ་དེ་དག་སློབ་ཀྱི་ཡོད་ཅིང་། ཁོང་གི་ངོ་སྤྲོད་ལས། ཁོ་བོའི་སེམས་ལ་སྐབས་དེ་དུས་ནས་ཁོང་གིས་ཞབས་བྲོ་སློབ་པ་དེ་ནི། ད་ཆ་ལྷ་ས་གྲོང་ཁྱེར་དུ་མི་བརྒྱ་ཕྲག་མང་པོར་གངས་ལྗོངས་ས་མཐོའི་སྲོལ་རྒྱུན་གྱི་ནང་མ་སྟོད་གཞས་སློབ་མཁན་ཕུལ་དུ་བྱུང་བ་ཞིག་དང་། བོད་ཀྱི་ནང་མ་སྟོད་གཞས་འདི་ཉིད་མངོན་མིན་རིག་གནས་ཤུལ་བཞག་ནང་རྒྱུན་འཛིན་དང་། དར་རྒྱས་གཏོང་བའི་རྒྱུན་འཛིན་པ་ངོ་གནོང་མི་དགོས་པ་ཞིག་ཏུ་འགྱུར་བའི་རྨང་གཞི་འདིང་འགོ་ཚུགས་པ་རེད་སྙམ་བྱུང་།

    ཀྱག་ཀྱོག་མི་ཚེའི་ཤུལ་ལམ་གྱི། ཁ་ཕྱོགས་སྒྱུར་མཚམས་གསར་པ་བསུས།

    ཉི་མ་མཚམས་གཅོད་ཀྱིས་ཕ་མ་བཟང་པོའི་འཚོ་སྐྱོང་འོག སློབ་ཆུང་དང་སློབ་འབྲིང་སོགས་ན་གཞོན་དུས་རིམ་གྱི་སློབ་གསོ་བརྒྱུད་རྗེས། སྤྱི་ལོ་1980ལོར། སི་ཁྲོན་དར་རྩེ་མདོ་དགེ་འོས་སློབ་གྲྭ་ནས་ཐོན་ཏེ། སྤྱི་ལོ་2007ལོ་བར་བགྲང་བྱ་ཉེར་བདུན་ཏག་ཏག་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གི་དགེ་རྒན་བྱས། ཆེད་ལས་རྒྱའི་སྐད་ཡིག་དགེ་རྒན་དང་། ཞོར་ཁྲིད་རོལ་དབྱངས་དགེ་རྒན་བྱས་ཏེ་སློབ་མར་ནང་མ་སྟོད་གཞས་ཀྱང་བསླབས་ནས་བྱས་རྗེས་བཞག

    དེའང་མི་རབས་གསར་པར་སློབ་ཁྲིད་བྱ་རྒྱུ་ནི། ཁོང་གིས་མི་ཚེ་འདིར་བྱ་གཞག་མང་པོའི་ཁྲོད་ནས་གདམ་ག་གནང་བ་ཞིག་ཡིན་མོད། འོན་ཀྱང་ཁྱིམ་ཚང་གི་དཀའ་ངལ་སོགས་རྒྱུ་རྐྱེན་མང་པོས། སྤྱི་ལོ་2007ལོར། ཁོང་སྔ་སྣུར་དུ་རྒན་ཡོལ་ཞུ་དགོས་བྱུང་། ལོ་མང་དཔུང་པ་མཉམ་གཤིབ་ཏུ་སློབ་གསོའི་བྱ་གཞག་ཐོག་འབད་འབུངས་གནང་མཁན་དགེ་རོགས་རྣམ་པ་དང་། གཅེས་པར་འོས་ཤིང་སྙིང་ཉེ་བའི་སློབ་མ་ཆུང་ཆུང་ཚོ་དང་བྲལ་བ་དེས་སྐབས་ཤིག་ཁོང་གི་སེམས་རྣལ་དུ་མི་བབས་པའི་ཚོར་འདུ་དྲག་པོ་བྱུང་ཡོད་ཅིང་། འཇིག་རྟེན་འཚོ་བ་ནི་སྣང་བ་གང་དྲན་ཞིག་མིན་ལ། རྙོག་འཛིང་ཆེ་བའི་འཚོ་བ་ནི་མི་ལ་མནར་གཅོད་གཏོང་མཁན་ཞིག་ཡིན་པའི་ཚོར་སྣང་ཡང་བྱུང་ཞིང་། ལོ་འགའི་རིང་། ཐེམ་པས་ལ་མོ་དང་སྒོ་རས་ཐང་ཞེས་པའི་དཔེ་ལྟར། ཁྱིམ་ཚང་ཞིག་གི་སྒོ་ར་ཙམ་ལས་སྒྲོལ་ཁོམ་བྲལ་བའི་ཁྱིམ་འཛིན་མ་ཞིག་དང་། རང་གི་ཚ་བོ་གསོ་སྐྱོང་བྱེད་མཁན་བུ་རྫི་ལྟ་བུར་གྱུར།

    ཉི་མ་མཚམས་གཅོད་རྒན་ཡོལ་ཞུས་གནང་བ་དེ་ནི། ལས་དབང་གིས་ཁོང་གི་མི་ཚེ་འདིར་དགའ་མོས་ཤིན་ཏུ་ཆེ་བའི་བྱ་གཞག་ཁས་ལེན་བྱས་ཤིང་། ཚེ་སྟོད་སྦྱངས་པའི་ནང་མ་སྟོད་གཞས་དེ་དག་ཚེ་སྨད་དུ་བསྐྱར་སྦྱོང་དང་། དེ་དག་གཞན་ལ་སློབ་མཁན་ཞིག་ཏུ་བཀོད་སྒྲིག་བྱས་པ་དང་ཧ་ཅང་འདྲ་པོ་མི་འདུག་གམ།

    སྤྱི་ལོ་2012ལོར་སླེབས་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས། རིག་གནས་དར་རྒྱས་ཆེན་པོ་དང་། འཕེལ་རྒྱས་ཤུགས་ཆེན་པོ་གཏོང་བའི་མཛད་ཕྱོགས་སྲིད་ཇུས་བཏོན་པ་དང་ཕྱོགས་མཚུངས། བོད་ཀྱི་རིག་གནས་སྤྱི་དང་འདྲ་བར་ནང་མ་སྟོད་གཞས་ལ་སོགས་པ་སྒྱུ་རྩལ་ཁྱབ་ཁོངས་ཀྱི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་། རྒྱུན་འཛིན། དར་རྒྱས་བཅས་ལ་ཕྱོགས་ཡོངས་ནས་དམ་འཛིན་བྱེད་པའི་མཐོ་རླབས་འཕྱུར་བ་དེ་ནི། བོད་མི་དམངས་ཀྱི་ལྟོ་གོས་འཛོམས་སུ་སོང་བ་དང་། ཤེས་དཔལ་རབ་ཏུ་དར་བའི་དུས་དང་འཁེལ།

    སྤྱི་ལོ་2013ལོར་ལྗོངས་རིམ་པའི་ལྷ་སའི་ནང་མ་སྟོད་གཞས་རྒྱུན་འཛིན་ཚོགས་པ་བཙུགས་ཏེ་དངོས་སུ་སྒོ་བྱང་བཀལ་བ་རེད།

    རྒྱུན་འཛིན་ཚོགས་པ་དེ་བཙུགས་རྗེས། ཚོགས་པ་དེའི་འགན་འཁུར་བ། རྒྱལ་ཁབ་རིམ་པའི་གར་གྱི་རྒྱུན་འཛིན་པ། ལྗོངས་རིམ་པའི་ནང་མ་སྟོད་གཞས་དང་སྒྲ་སྙན་རོལ་ཆ་རྒྱུན་འཛིན་པ། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་རྒན་བཀྲ་ཤིས་ཚེ་རིང་ཀྱི་ཐུགས་ལ་ཞབས་གཞས་སློབ་ཁྲིད་པ་ཚད་ལྡན་ཞིག་དགེ་རྒན་ལ་གདན་འདྲེན་ཞུ་བའི་བསམ་གཞི་འཁྲུངས། ཁོང་གིས་དགོངས་པ་ནན་པོ་བཞེས་རྗེས། ཆེད་ལས་དེའི་བྱང་ཚད་ངེས་ཅན་ལྡན་ལ། ཆེད་ལས་དེར་དད་མོས་ཤིན་ཏུ་ཆེ་བའི་རྒན་ཉི་མ་མཚམས་གཅོད་ཐུགས་ལ་འཆར་ཏེ། ནང་མ་སྟོད་གཞས་ཚོགས་པ་དེར་སློབ་ཁྲིད་དགེ་རྒན་བྱེད་པར་ཡོང་རྒྱུར་སྐུལ་མ་གནང་བ་མ་ཟད། འབྲེལ་ཡོད་ཚན་པར་ཁོང་དགེ་རྒན་དུ་གདན་འདྲེན་ཞུ་བར་འོས་སྦྱོར་གནང་བ་རེད།

    སྤྱི་ལོ་2014ལོར་ཁོང་ལྷ་སའི་ནང་མ་སྟོད་གཞས་ཚོགས་པའི་དགེ་རྒན་དུ་གྱུར་རྗེས། ཉིན་ལྟར་སྟོད་གཞས་ཚོགས་པའི་སློབ་མར་ཞབས་གཞས་སློབ་པ་དང་དུས་མཚུངས། སྔར་ལས་ལྷག་པའི་སྒོ་ནས་རང་ངོས་ཀྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བར་རང་གིས་རང་ལ་བླང་བྱ་ནན་པོ་བཏོན་ཞིང་། ཆེད་མངགས་བོད་དུ་ནང་མ་སྟོད་གཞས་ཀྱི་ཐད་དབང་གྲགས་ཆེ་ཤོས་ཡིན་པའི་བཀྲ་ཤིས་ཚེ་རིང་གི་གམ་དུ་ཡང་ཡང་བཅར་ཏེ། རྣམ་གྲངས་མང་བའི་ནང་མ་སྟོད་གཞས་ཤེས་ཚད་ཟབ་ཏུ་གཏོང་བའི་ཟབ་སྦྱོང་གཏིང་ཟབ་བྱས། དེ་ནི་དགེ་རྒན་ཞིག་གིས་རང་ངོས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་བའི་འགུལ་ཚུལ་ཁྱད་དུ་འཕགས་པ་ཞིག་རེད།

    སློབ་ཁྲིད་འཆད་སྟེགས་གཅིག་ནས་བཤོལ་ཏེ། སླར་ཡང་སློབ་ཁྲིད་འཆད་སྟེགས་གསར་པ་ཞིག་གི་ཐོག་ཏུ་ཕེབས་པ་ནི། ཉི་མ་མཚམས་གཅོད་ཀྱི་མི་ཚེའི་རྣམ་ཐར་ཇེ་རྒྱས་སུ་སོང་བ་ཞིག་དང་། ལས་དབང་གིས་ཁོང་གི་ཁྱད་ཡོན་ལ་དཔགས་པའི་ལས་གནས་བཀོད་སྒྲིག་ཆེས་འཚམ་པོ་བྱས་པར་འགྱུར་བ་ཞིག་མ་ཡིན་ནམ།

    གསར་འགོད་པས། རྒན་ལགས་ཁྱེད་ཀྱིས་གཟའ་འཁོར་གཅིག་ལ་ཉིན་གཅིག་ཀྱང་སྐུ་ངལ་མ་གསོས་པར། འཁྲབ་ར་ཁག་ཏུ་ཞབས་བྲོ་སློབ་པར་ཕེབས་དགོས་དུས། ཁྱིམ་དོན་ལ་འཐུས་ཤོར་འགྲོ་ཡི་མེད་དམ་ཞེས་བཀའ་འདྲི་ཞུས་པ་ཡིན། ཁོང་གིས། ང་རང་ཞབས་བྲོ་རྒྱག་རྒྱུར་དགའ་བའི་ཐོག ཞབས་བྲོའི་དགེ་རྒན་གྱི་འགན་ཁུར་རྗེས་ཉིན་ལྟར་འཁྲབ་ར་མི་འདྲ་བ་ཁག་ཏུ་སྐྱོད་དགོས་པས། ཁྱིམ་དོན་འགའ་ཞིག་ནང་མིས་ནན་ཏན་གྱིས་མངགས་ཀྱང་གཏིང་བརྗེད་དུ་འགྲོ་ཡི་འདུག འོན་ཀྱང་སྤྱི་དོན་དུས་ཐོག་ཏུ་སྒྲུབ་རྒྱུར་འཐུས་ཤོར་མ་བྱུང་ན་དེ་གས་འཐུས་སྙམ་པའི་བསམ་བློ་གཏོང་གི་ཡོད་ཅེས་གསུང་གི་འདུག

    ཉི་མ་མཚམས་གཅོད་ཀྱིས། ཐོབ་ཆ་གང་ཡང་མེད་ཀྱང་ཉི་མ་གནམ་ལ་གང་ཤར་ལ་བྲེལ་འཚབ་ཀྱིས་འཁྲབ་ར་ཁག་ཏུ་འགྲོ་དོན་ཅི་ཡིན་ནམ། ཁོང་གིས་ཁྱིམ་ཚང་ཆུང་ངུའི་ཁེ་ཕན་བློས་གཏོང་གང་ཐུབ་གནང་བའི་དོན་དངོས་ནས། ནང་མ་སྟོད་གཞས་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་ནི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་མཚོན་བཞིན་ཡོད་ལ། ཁྱིམ་འཛིན་ཨ་མས་ཁྱིམ་དོན་མང་པོ་ཞིག་སྣང་མེད་སོང་སྟེ་བརྗེད་པ་དེ་ནས། བོད་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་སྒྱུ་རྩལ་ལ་དགའ་ཞེན་དང་། ཞབས་བྲོར་དགའ་བའི་སྐྱེས་ཕོ་མོ་རྒན་གཞོན་མང་པོའི་འདོད་འདུན་སྐོང་བའང་གསལ་པོར་མཚོན་ཡོད།

    རྒྱུན་འཛིན་དར་འཕེལ་ཞིང་ས་ཆེར། གཡུར་དུ་ཟ་བའི་འབྲས་བུ་སྨིན།

    གང་དུ་གླུ་གར་ཡོད་ཙ་ན། སྡུག་བསྔལ་བྱ་བའི་མིང་ཙམ་མེད། སྤྱི་ལོ་2017ལོར། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་སློབ་ཡོན་མི་དགོས་པར་ལྷ་སའི་མང་ཚོགས་ལ་ནང་མ་སྟོད་གཞས་གསོ་སྦྱོང་བྱེད་འགོ་ཚུགས་རྗེས། ཆེད་ལས་མཁས་དབང་གི་འོས་སྦྱོར་ལྟར། སླར་ཡང་ཉི་མ་མཚམས་གཅོད་ཀྱིས་མང་ཚོགས་སྒྱུ་རྩལ་ཁང་དུ་ནང་མ་སྟོད་གཞས་སློབ་འགོ་བཙུགས། ཞབས་བྲོ་སྦྱོང་བར་ཡོང་མཁན་གྲས་སུ་ལྷ་སའི་གྲོང་མི་དང་། རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ། སློབ་གྲྭའི་དགེ་རྒན་སོགས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཡོད་ཅིང་། ཁོ་ཚོའི་ཁྲོད་དུ་དར་མ་གཙོས་དགུང་ལོ་བདུན་ཅུ་བརྒལ་བའི་བགྲེས་སོང་དང་། ལོ་ན་ཉི་ཤུ་ཙམ་གྱི་ན་གཞོན་སོགས་སྐྱེས་ཕོ་མོ་འཚང་ཁ་ཤིག་ཤིག་ཡོད་པས། ཞབས་བྲོ་སྦྱོང་མཁན་གྱི་ལོ་ན་དོ་སྙོམས་མིན་པའི་ཁར། སློབ་མ་ཉུང་ཤས་ལ་རྐང་སྟབས་ལག་ཁྱེར་གྱི་རྨང་གཞི་ཕྲན་ཙམ་ཡོད་པ་ཕུད། དེ་བྱིངས་མང་ཆེ་བས་ཞབས་བྲོ་དང་གདངས་དབྱངས། གཞས་ཚིག་བཅས་སྤྱིར་ན་ཁ་ཕྱོགས་ཙམ་ཡང་ཤེས་ཀྱི་མེད་པས། སློབ་ཁྲིད་དགེ་རྒན་ཁོང་གི་ངོས་ནས་བཤད་ན་དཀའ་ཚེགས་ངེས་ཅན་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད།

    དེ་ལྟར་ཡང་ཁོང་ནི་སྔོན་ཆད་ལོ་མང་རིང་སློབ་ཆུང་སློབ་མ་སྐྱོང་མྱོང་བ་ཞིག་དང་། སློབ་ཁྲིད་ཀྱི་མྱོང་བ་ཕུན་སུམ་ཚོགས་པོ་ཡོད་པ་ཞིག་ཡིན་ལ། ཁྱད་པར་དུ་བོད་ཀྱི་སྲོལ་རྒྱུན་ནང་མ་སྟོད་གཞས་གང་མྱུར་ཁྱབ་གདལ་གཏོང་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་ཁ་ཞེ་གཉིས་མེད་ཀྱི་ཐུགས་འདུན་དྲག་པོ་ཡོད་པ་ཞིག་ཡིན་སྟབས། ཁག་སྣང་དང་། སུན་སྣང་། གཡོ་ཟོལ། ཁྲལ་སེལ་སོགས་ཅི་ཡང་མེད་པར་ངང་རྒྱུད་རིང་པོས་རྐང་པ་གཡས་གཡོན་ཇི་ལྟར་འདེགས་ཚུལ་དང་། ལག་གཡས་གཡོན་ཕྱག་རྒྱ་ཇི་ལྟར་བྱེད་ཚུལ། ལུས་ཡོངས་ཇི་ལྟར་འགྱུར་ཚུལ། དེ་བཞིན་ཞབས་གཞས་དང་བསྟུན་ནས་གྲེ་བ་ཇི་ལྟར་འགྱུར་ཚུལ་དང་། འཛུམ་མདངས་སྟོན་ཚུལ་སོགས་ཕྱོགས་ཡོངས་ནས་ནན་ཅིང་ཞིབ་ཚགས་པའི་སློབ་ཁྲིད་བྱས་པར་བརྟེན། སྦྱོང་བརྡར་ལ་ཞུགས་པའི་སློབ་མ་རྒན་གཞོན་ཚང་མས་ཡུན་རིང་མ་འགོར་བར་ཞབས་བྲོ་ཁག་བཅུ་གྲངས་ཤེས་པ་མ་ཟད། སློབ་མ་མི་ཉུང་བ་ཞིག་གིས་ནང་མ་སྟོད་གཞས་ཀྱི་རྣམ་གྲངས་ལས་ཞབས་གཞས་ཕལ་ཆེ་བ་ཤེས་ཏེ་ཕུལ་བྱུང་སློབ་མར་གྱུར་ཅིང་། མང་ཚོགས་རང་བཞིན་གྱི་བྱེད་སྒོ་དང་། དེ་བཞིན་ལྷ་ས་བརྙན་འཕྲིན་ལས་ཁུངས་དང་། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་བའི་བོད་ཀྱི་ལོ་གསར་མཚན་ཚོགས་ལ་སློབ་མ་ཚོས་རྒན་ལགས་དང་དཔུང་པ་མཉམ་གཤིབ་ཀྱིས་ཞབས་བྲོའི་དཔལ་ལ་རོལ་ཏེ། རྒྱ་ཆེའི་གཟིགས་མོ་བར་མིག་ཡིད་རྣ་བའི་དགའ་སྟོན་གཤོམ་ཐུབ་ཡོད་པ་རེད།

    འབྲེལ་ཡོད་ཕྱོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ཉི་མ་མཚམས་གཅོད་ཀྱིས་ལོ་ཤས་རིང་ཉིན་གཅིག་ལ་དཔེ་བཞག་པ་ལྟར། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ། ལྷ་ས་གྲོང་ཁྱེར་ལས་བྱེད་རྒན་གྲས་བྱེད་སྒོའི་ལྟེ་གནས། ལྷ་ས་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་། སྟོད་ལུང་བདེ་ཆེན་ཆུས་མང་ཚོགས་རིག་གནས་ལྟེ་གནས་སོགས་ཚན་པའི་འཁྲབ་ར་ཁག་ཏུ་རེས་སྐོར་གྱིས་ཞབས་གཞས་བསླབས་ཏེ། ཐོག་མར་གསོ་སྐྱོང་འགོ་འཛུགས་སྐབས་ཀྱི་སློབ་མ་མི་གྲངས་200སྐོར་ཞིག་ནས་ད་ཆའི་མི་གྲངས་5000ལྷག་ཙམ་ཟིན་ཡོད་པ་དང་། ལོ་གཅིག་རེ་སྦྱོང་བརྡར་བྱས་རྗེས་ད་བར་སློབ་མཇུག་འགྲིལ་བའི་མཛད་སྒོ་ཐེངས་5སྤེལ་ཏེ། སློབ་མཇུག་འགྲིལ་བའི་ལག་ཁྱེར་ཐོབ་པའི་སློབ་མ་མི་གྲངས་600ལྷག་ཙམ་ཟིན་གྱི་ཡོད་ཅིང་། ད་དུང་དགའ་བ་སྐྱེ་འོས་པ་ཞིག་ལ་ཁོང་གིས་སློབ་ཁྲིད་བྱས་ཏེ། ནང་མ་སྟོད་གཞས་ལ་རང་མགོ་ཐོན་པའི་ཕུལ་བྱུང་སློབ་མ་ཁག་གཅིག་གིས་ལོགས་སུ་ནང་མ་སྟོད་གཞས་ཚོགས་པ་ཆུང་གྲས་བཙུགས་ཏེ། ད་ཆ་ལྷ་སའི་རྫོང་རྒྱབ་ཀླུ་ཁང་གིས་གཙོས་ལྷ་སའི་རིག་གནས་བྱེད་སྒོའི་ལྟེ་གནས་ཁག་ཏུ་སྤྱིར་ན་ཉིན་ལྟར་འཁྲབ་སྟོན་བྱེད་ཀྱི་ཡོད། གང་དུ་སོང་ཡང་མི་རྣམས་ཀྱི་རྣ་བར་ནང་མ་སྟོད་གཞས་ཀྱི་སྙན་དབྱངས་དང་རྡོག་སྒྲ་ཐོས་རྒྱུ་ཡོད་པར་གྱུར།

    སྤྱི་ལོ་2018ལོར་གོང་རིམ་ནས་ཉི་མ་མཚམས་གཅོད་ཀྱི་ཁྱད་ཡོན་དངོས་ལ་གཞིགས་ནས། གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་མ་སྟོད་གཞས་ཀྱི་རྒྱུན་འཛིན་པར་གཏན་འཁེལ་བྱས་རྗེས། ཁོང་གི་སེམས་ལ་དེ་བས་སྐུལ་ལྕག་ཆེན་པོ་ཐེབས་ཏེ། ནུས་ཤུགས་ཇི་ཡོད་ཀྱིས་རྒྱུན་འཛིན་པའི་བྱ་བ་ལེགས་པར་སྒྲུབ་སྟེ་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་འཛིན་པ་གསོ་སྐྱོང་གི་བྱ་བར་གཞོལ། དེའང་མིག་སྔར་གྲོང་ཁྱེར་ནས་རིམ་གྱིས་ལྷ་སའི་ཁོངས་ཀྱི་གྲོང་གསེབ་ཏུ་ནང་མ་སྟོད་གཞས་དར་སོ་བྱེད་པ་དེའང་ཉི་མ་མཚམས་གཅོད་ཀྱིས་ཚོགས་གཙོ་གནང་བའི་ལྷ་སའི་ནང་མ་སྟོད་གཞས་རྒྱུན་འཛིན་ཚོགས་པས། གཞི་རིམ་དུ་ནང་མ་སྟོད་གཞས་འཁྲབ་སྟོན་བྱེད་པར་སྐྱོད་པ་དང་འབྲེལ་བ་དམ་ཟབ་ཡོད་པ་སྟེ། དེའང་ཉེ་བའི་ལོ་ཤས་རིང་འབྲེལ་ཡོད་ཚན་པས་གདན་ཞུས་ལྟར། ཉི་མ་མཚམས་གཅོད་ཀྱིས་ཚོགས་པའི་སྣེ་ཁྲིད་དེ། སྔ་རྗེས་སུ་ཆུ་ཤུར་རྫོང་དང་སྟོད་ལུང་བདེ་ཆེན་ཆུས་སོགས་གཞི་རིམ་དུ་ནང་མ་སྟོད་གཞས་ཐེངས་13འཁྲབ་སྟོན་བྱས་པ་དེས། སྒྱུ་རྩལ་ལ་སྤྲོ་བའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་དེ་བས་མང་བས་ནང་མ་སྟོད་གཞས་སྦྱོང་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།

    མི་མང་པོ་ཞིག་གིས་སྦྱོང་འདོད་བྱེད་པའི་སྣང་ཚུལ་བཟང་པོ་དེའི་འོག ཉི་མ་མཚམས་གཅོད་ཀྱིས་ཁྱབ་རྒྱ་ཆེ་བའི་སློབ་ཁྲིད་ཀྱི་ནུས་པ་ཐོན་ཆེད་དང་། རང་ཉིད་ཀྱི་དམིགས་བསལ་ཁྱད་ཡོན་མི་མུས་རྒྱུད་དུ་གནས་པར་བྱ་ཆེད། སྤྱི་ལོ་2018ལོ་ནས་བཟུང་། ནང་མ་སྟོད་གཞས་བརྒྱ་ཕྲག་གི་ཁྲོད་ནས་ལེགས་འདེམས་བྱས་པའི་མི་སྒེར་གྱི་འོད་སྡེར་ཞིག་འདོན་རྒྱུའི་གྲ་སྒྲིག་བྱས།

    འོད་སྡེར་འདོན་རྒྱུ་དེའང་ལས་སླ་པོའི་བྱ་བ་ཞིག་ག་ནས་ཡིན། ཞབས་གཞས་ཁག་ཁོང་རང་ཉིད་ནས་འཁྲབ་སྟོན་གནང་ཆོག་ཀྱང་། དེར་རོལ་ཆ་གཏོང་མཁན་དང་འོད་སྡེར་གྱི་མ་གནས་སོགས་འགྲོ་གྲོན་སྣ་ཚོགས་པ་ངེས་ཅན་ཞིག་གཏོང་དགོས་ཀྱི་ཡོད་ཅིང་། འགྲོ་གྲོན་གྱི་ཐད་དཀའ་ངལ་འཕྲད་པའི་ཚེ། ཁོང་གི་དགའ་ཉེ་དང་སློབ་ཕྲུག་མང་པོ་ཞིག་གིས་འོད་སྡེར་གྱི་མ་དངུལ་སྤྱི་ཚོགས་ལ་ཞལ་འདེབས་སློང་རྒྱུ་དང་། ཡང་ན་མངོན་མིན་རིག་གནས་ཤུལ་བཞག་འཛིན་སྐྱོང་ཚན་པར་སྐྱབས་འཇུག་ཞུ་རྒྱུའི་གྲོས་འགོ་བཏོན་མོད། འོན་ཏེ་ཁོང་གིས་ཚན་པ་དང་མི་སུ་ཞིག་ཀྱང་སུན་པོ་བཟོ་མི་འདོད་པར། རང་ཁྱིམ་གྱི་གསོག་དངུལ་ཕྲན་བུ་ཡོད་པའི་ཐོག་སྤུན་མཆེད་ཚོར་རེ་བ་བཏོན་ནས། ཁྱོན་འགྲོ་གྲོན་སྒོར་ཁྲི་37བཏང་སྟེ། སྤྱི་ལོ་2019ལོར་དངོས་སུ་འོད་སྡེར《སྲོལ་རྒྱུན་གྱི་སྟོད་གཞས་ནང་མ》སྡེར་གྲངས7000བཏོན་ནས་ཁྲོམ་རར་འགྲེམས་སྤེལ་བྱས། ཁོང་གིས་རང་ཉིད་ཀྱི་ལུས་ལ་བརྟེན་ནས་འཁྲབ་སྟོན་དང་། འོད་སྡེར་ལ་བརྟེན་ནས་ནང་མ་སྟོད་གཞས་གངས་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་གནས་མཆོག་ལྷ་ས་ནས་ཁྱབ་འགྱེད་གནང་བ་དེས། སྤྱི་ཚོགས་ཀྱི་རིག་གནས་བསམ་པའི་འཚོ་བཅུད་ཇེ་ཟབ་ཏུ་སོང་བ་དང་། རིག་རྩལ་གྱི་ཁྲོམ་ར་དར་རྒྱས་གཏོང་བར་ཡང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།