[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>རིག་དངོས་རྟོག་ཞིབ།
  • ཨེ་ཅིབ་ཀྱི་གནའ་རབས་རིག་གནས།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-08

    1 ཚན་རྩལ་ཤེས་བྱ་དང་སྒྱུ་རྩལ།

    W020161223705794404276.jpg

    ཨེ་ཅིབ་ཀྱི་ཤེས་རིག་ལ་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ཡོད། གནའ་རབས་ཀྱི་དུས་སུ། ཨེ་ཅིབ་པས་ཐོག་མར་བེད་སྤྱད་པ་ནི་ལུགས་རྙིང་གི་ལོ་ཐོ་རེད། ཡིན་ནའང་ཞིང་ལས་དར་རྒྱས་ཕྱིན་པའི་དབང་གིས་ལུགས་རྙིང་གི་ལོ་ཐོ་བརྩི་ཚུལ་དེས་རྣམ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་བསྐངས་མ་ཐུབ། དེ་བས་ཨེ་ཅིབ་བ་རྣམས་ཀྱིས་ནེ་རོ་གཙང་པོའི་འཕེལ་གྲིབ་ལ་བརྟག་དཔྱད་ཡུན་རིང་བྱས་པའི་རྨང་གཞིའི་ཐོག འཛམ་གླིང་གི་ལུགས་གསར་ལོ་ཐོ་ཆེས་ཐོག་མར་གཏན་ལ་ཕབ་པ་རེད། དེ་ནི་སྐར་མ་རབ་གསལ་དང་ཉི་མ་གཉིས་དུས་མཉམ་དུ་འཆར་བའི་ཉིན་མོ་དེ་ལོ་གཅིག་གི་ལོ་མགོར་བརྩིས་པ་དང་། ནེ་རོ་གཙང་པོའི་འཕེལ་གྲིབ་ཀྱི་ཡུན་ཚད་ཉི་མ་365དེ་ལོ་འཁོར་གཅིག་ཏུ་བརྩིས། ལོ་གཅིག་དུས་ཚིགས་གསུམ་དུ་བགོས་པ་སྟེ། གཙང་ཆུ་འབྲུབ་དུས་དང་ཞིང་རྨོད་དུས་དང་སྟོན་བསྡུའི་དུས་སོ། གཞན་ཡང་དུས་ཚིགས་རེ་ལ་ཟླ་བ་བཞི་རེ་དང་ཟླ་བ་རེ་ལ་ཉིན་མ་སུམ་ཅུ་བྱས་ཐོག ལོ་མཇུག་ཏུ་ཉིན་ལྔའི་དུས་སྟོན་ཡོད་པ་བཅས་གཏན་དུ་ཁེལ་ཡོད།

    མོ་མེའམ་རོ་སྐམ་ནི་ཨེ་ཅིབ་ཀྱི་གནའ་རབས་གསོ་རིག་དར་རྒྱས་སུ་ཕྱིན་པའི་དངོས་དཔང་ཉག་ཅིག་སྟེ། དེས་གཤགས་བཅོས་རིག་པ་དང་རྫས་འགྱུར་རིག་པའི་ཆ་ནས་ཤེས་བྱ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་མཚོན་ཐུབ། སྐབས་དེའི་ཨེ་ཅིབ་ལ་མཚོན་ན། ཕྱི་ནད་ཚན་ཁག་དང་མོ་ནད་ཚན་ཁག་དང་མིག་ནད་ཚན་ཁག་བཅས་སུ་བགོས་ཡོད་པར་མ་ཟད། ཁྲག་རྩ་དང་ཀླད་རྩ། སྙིང་ཁམས་བརྟག་དཔྱད་བཅས་ཀྱི་ཐད་ལའང་རྒྱུས་མངའ་ངེས་ཅན་བྱུང་འདུག སྤྱི་ལོ1872ལོར་གསར་དུ་རྙེད་པའི་དཔེ་གཞུང་ཞིག་ཏུ། ནད་རིགས་སྣ་ཚོགས་འཇོམས་པའི་སྨན་སྣ900ལྷག་ངོ་སྤྲོད་བྱས་འདུག་ཅིང་། དེ་ནི་གནའ་རབས་ཨེ་ཅིབ་བའི་གསོ་རིག་ཀུན་འཛོམས་ཞེས་ཀུན་གྱིས་མགྲིན་གཅིག་ཏུ་སྨྲ། གཞན་ཡང་། གནའ་རབས་ཨེ་ཅིབ་བའི་ཆེས་ཐོག་མའི་སྨན་རྫས་རིག་པ་སྟེ། 《སྨན་རྫས་ཟིན་ཐོ》ཞེས་པར། སྨན་རྫས་སྣ་ཚོགས་ཀྱི་ཕན་ནུས་ཅི་ཡིན་ཐད་ངོ་སྤྲོད་གསལ་པོ་གནང་འདུག

    ནེ་རོ་གཙང་པོ་ལོ་རེར་ཐེངས་རེ་བྲུག་པ་དེས་སྔར་ཡོད་ཀྱི་ས་ཞིང་བསྣུབས་ཏེ་ཡང་བསྐྱར་ཚད་འཇལ་བྱེད་པ་དང་ས་རྟགས་རྒྱག་དགོས་པར་བརྟེན། དེ་ལྟར་ལོ་མང་པོ་ཞིག་ལ་འདས་པའི་མཐར། ཨེ་ཅིབ་བ་རྣམས་ཀྱིས་ཆེས་ཐོག་མར་ཚད་གཞི་འཇལ་ལུགས་སྟབས་བདེ་ཞིག་བློ་ངོར་ངེས་པ་རེད། ཁོ་ཚོའི་རྩིས་རིག་གི་ཤེས་བྱའང་ས་ཞིང་འཇལ་བ་དང་གཏོར་གཟུགས་མཆོད་རྟེན་ནམ་ལྷ་ཁང་སོགས་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་དུ་འཕེལ་རྒྱས་བྱུང་བར་མངོན།

    གནའ་རབས་ཨེ་ཅིབ་བའི་རྩིས་རིག་གི་གྲུབ་འབྲས་ནི་གྲངས་རྩིས་དང་ཚབ་རྩིས་དང་དབྱིབས་རྩིས་གསུམ་དུ་འདུས་ཤིང་། ཆེས་ཐོག་མར་གྲངས་གནས་བཅུ་འཕར་གྱི་བརྩི་ཚུལ་གསར་དུ་གཏོད་པར་མ་ཟད། འཕྲི་སྣོན་བགོ་གསུམ་གྱི་རྩ་གཞུང་ཡང་གཏན་ལ་ཕབ་པ་རེད། ཡིན་ནའང་དེའི་དུས་སྒྱུར་ལུགས་དང་ཀླད་ཀོར་གྱི་མཚན་ཉིད་ད་དུང་ཐག་བཅད་མེད། དབྱིབས་རྩིས་ཀྱི་ཐད་ནས་བཤད་ན། ཨེ་ཅིབ་བས་ཟུར་གསུམ་དང་སྐས་དབྱིབས་སོགས་ཀྱི་རྒྱ་ཁྱོན་བརྩི་ཤེས་ཤིང་། སྒོར་མཐའི་རིང་ཚད་ནི་གསུམ་གྲངས་ཆུང་གཅིག་དྲུག་ཐིག་ལྔ་ཡིན་པ་མཁྱེན་འདུག་གོ གཞན་ཡང་། ཆུ་ཐིགས་འཛགས་པར་བརྟེན་ནས་དུས་ཚོད་བརྩིས་ཏེ་འཛམ་གླིང་སྟེང་ཆེས་ཐོག་མར་ཆུ་ཚོད་ཅེས་པ་གསར་དུ་བསྐྲུན་པ་རེད།

    གནའ་རབས་ཨེ་ཅིབ་བའི་འཛུགས་སྐྲུན་སྒྱུ་རྩལ་ནི་སྐབས་དེའི་འཛམ་གླིང་གི་ཡང་རྩེར་སོན་འདུག་པ་སྟེ། དང་པོ། བཀོད་པ་དེ་དག་རྒྱ་ཆེ་ཞིང་བརྗིད་ཉམས་ལྡན། གཉིས་པ། འཆར་བཀོད་ལེགས་ཤིང་ཞིབ་ཆ་ཡོད་པར་མ་ཟད་ཚན་རིག་དང་མཐུན། གསུམ་པ། བཀོད་པ་དེ་དག་ལ་བརྐོས་བྲིས་སྒྱུ་རྩལ་གྱིས་བརྒྱན་འདུག་པ་རེད། དེའི་དཔེ་མཚོན་ལ་མིང་དུ་གྲགས་པའི་གཏོར་གཟུགས་མཆོད་རྟེན་དང་ལྷ་ཁང་ཆོས་ཁང་སོགས་ཡོད་དོ།

    གནའ་རབས་ཨེ་ཅིབ་བའི་བརྐོས་བྲིས་དང་རིས་བྲིས་མང་ཆེ་བ་ཁང་པའི་བཟོ་བཀོད་ཀྱི་སྟེང་དུ་ཡོད་ཅིང་། དེ་ནི་གནའ་བོའི་ཨེ་ཅིབ་བའི་སྲོལ་རྒྱུན་རིག་གནས་དང་མི་རིགས་སེམས་ཁམས་བཅས་སྒྱུ་རྩལ་གྱི་ལམ་ནས་མངོན་པར་མཚོན་འདུག་པ་སྟེ། དཔེར་ན་གྲལ་རིམ་གྱི་ཁྱད་པར་དང་དབང་གྲགས་ཀྱི་ཆེ་བ་མཚོན་ཆེད་དུ། བརྐོས་བྲིས་ཡིན་ནའང་འདྲ། རིས་བྲིས་ཡིན་ནའང་ཆོག གང་ལྟར་མིའི་གཟུགས་གཞི་ཆེ་བ་ཆེ་དྲགས་ཤིང་ཆུང་བ་ཆུང་དྲགས་པའི་ཁྱད་ཆོས་ཏེ་རིགས་རུས་མཐོ་དམན་གྱི་ཧེ་བག་དེ་ཧ་ལས་པའི་ཚད་དུ་སླེབས་འདུག

    2 ཡི་གེ་དང་རྩོམ་རིག

    W020161223705794444139.jpg

    ཨེ་ཅིབ་བའི་ཆེས་ཐོག་མའི་ཡི་གེ་ནི་འདྲ་གཟུགས་ཡི་གེ་ཡིན་ཞིང་སྤྱི་ལོའི་སྔོན་གྱི་ལོ་ངོ3000ཡས་མས་སུ་བྱུང་། འདྲ་གཟུགས་ཡི་གེ་ནི་རྟགས་དང་རི་མོ་ངེས་ཅན་ཞིག་ལ་བརྟེན་ནས་བྱ་དངོས་དང་ནང་དོན་གང་རུང་མཚོན་པ་ཞིག་ལ་ཟེར་བ་རེད། དེའི་ཕྱིས་སུ་སྒྲ་ཚིགས་མཚོན་པའི་རྟགས་མཚན་ཡང་བྱུང་བ་སྟེ། དཔེར་ན། ཨེ་ཅིབ་བས་བྱ་འུག་པ་ལ་མུའུ་ཞེས་འབོད་ཅིང་། དེ་མཚོན་པའི་རྟགས་ཀྱིས་བྱ་འུག་པ་མཚོན་པ་མ་ཟད། མུའུ་ཞེས་པའི་སྒྲའང་ཞོར་དུ་བརྗོད་དགོས་པ་ལྟ་བུའོ། དེའི་རྨང་གཞིའི་སྟེང་དུ། གནའ་བོའི་རྒྱལ་རབས་ཀྱི་དུས་སྐབས་སུ་སླེབས་པ་ན། གསལ་བྱེད་ཡི་གེ་ཉེར་བཞིར་རིམ་འགྱུར་བྱུང་ཞིང་། འདི་ནི་མིའི་རིགས་ལོ་རྒྱུས་སུ་བྱུང་བའི་ཆེས་ཐོག་མའི་སྒྲ་སྦྱོར་ཡི་གེ་རེད་ལ། རྗེས་སུ་ནུབ་ཕྱོགས་པའི་གསལ་བྱེད་ཡི་གེ་བྱུང་བར་རྨང་གཞི་གལ་ཆེན་བཏིངས། གནའ་རབས་ཨེ་ཅིབ་པའི་ཡིག་ཟོར་ཡང་ལྕི་བ་ནས་ཡང་བའི་ལམ་དུ་ཞུགས་ཤིང་། སྔ་ཕྱི་གོ་རིམ་བཞི་བརྒྱུད་ཡོད།

    གནའ་རབས་ཨེ་ཅིབ་བའི་རྩོམ་རིག་བརྩམས་ཆོས་ཀྱི་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཏུ་འདུག དེའི་ཁྲོད་དུ་ལྷ་སྒྲུང་བྱུང་བ་ཆེས་སྔ་ཞིང་། ཕལ་ཆེ་བ་དམངས་ཁྲོད་ཀྱི་ངག་རྩོམ་དུ་གཏོགས། ཕྱིས་སུ་ད་གཟོད་ཡིག་ཐོག་བརྩམས་ཆོས་བྱུང་། སྐད་གྲགས་ཆེ་བ་ལ། དཔེར་ན། 《གྲུ་ཆེན་བརྡབས་པའི་ལེའུ》ལྟ་བུ་དང་། བསླབ་བྱ་ལེགས་བཤད་དང་གཏམ་དཔེའི་རིགས་ལ《ཕུ་ཐ་ཧོ་ཐེ་ཕུ་ཡི་འབེལ་གཏམ》ཞེས་པ་དང་། 《ཨ་མེ་ཉི་སེ་སྐུ་ཕྲེང་དང་པོའི་ལེགས་བཤད》ཅེས་པ་ལྟ་བུ་བརྩམས་ཆོས་གྲགས་ཅན་ཡོད་པ་དང་། སྙན་ངག་གི་བརྩམས་ཆོས་གྲགས་ཅན་སྐོར་ལ《ནེ་རོ་གཙང་པོའི་བསྟོད་གླུ》ཞེས་པ་དང་། 《རྫི་གླུ》ཞེས་པ་ལྟ་བུ་ཡོད།

    གནའ་རབས་ཨེ་ཅིབ་བའི་རྩོམ་རིག་བརྩམས་ཆོས་ཀྱི་ནང་དོན་ཕལ་ཆེ་བ་སྐུ་དྲག་མི་དྲག་གི་རིགས་ལ་བསྟོད་པ་ལས། ངལ་རྩོལ་མི་དམངས་ཀྱི་འཚོ་བ་མཚོན་པ་ཤིན་ཏུ་ཉུང་། གང་ལྟར་ཡང་། ད་ལྟ་མིག་མཐོང་ལག་ཟིན་དུ་ཡོད་པའི་བརྩམས་ཆོས་དེ་དག་ནི་གནའ་རབས་ཨེ་ཅིབ་ལ་ཞིབ་འཇུག་བྱེད་པའི་ལོ་རྒྱུས་རྒྱུ་ཆ་གལ་ཆེན་ཡིན་པ་མ་ཟད། སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་མེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།