[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>དེབ་གསར་འོས་སྦྱོར།
  • 《བརྡ་སྤྲོད་ཞིབ་མོ་རྣམ་འཐག》ཅེས་པའི་དཔེ་དེབ་པར་བསྐྲུན་འགྲེམ་སྤེལ་གནང་བ།

  • ཡོང་ཁུངས།   མཚོ་སྔོན་པོ་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-01-05

    201612301544043ms7.jpg

    《བརྡ་སྤྲོད་ཞིབ་མོ་རྣམ་འཐག》པར་བསྐྲུན་འགྲེམ་སྤེལ་གནང་བ།

    ཤིས་ཚང་མཁྱེན་རབ་རྒྱ་མཚོའམ་ཤིས་ཚང་ལྗང་མྱུག་གིས་བརྩམས་པའི《བརྡ་སྤྲོད་ཞིབ་མོ་རྣམ་འཐག》ཅེས་པའི་དཔེ་དེབ་དེ་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས། དེབ་འདི་ནི་རྩོམ་པ་པོ་ཁོང་གིས་སྔ་ཕྱིར《ལེགས་བཤད་ལྗོན་དབང་གི་འགྲེལ་བ་བློ་གསར་རིག་འབྱེད་ལྡེ་མིག》དང་། 《སུམ་ཅུ་བའི་བཞེད་མཚམས་སོམ་ཉི་གཅོད་པའི་རལ་གྲི》《བརྡ་དག་ཕྱེ་མ་ལེབ་ཀྱི་ཚིག་འགྲེལ་བློ་གསར་བགྲོད་པའི་རྐང་སྟེགས》《བརྡ་སྤྲོད་དོན་གནད་གསེད་བཀྲོལ》བཅས་བོད་སྐད་བརྡ་སྤྲོད་སྐོར་གྱི་ཆེད་དེབ་བཞི་པར་བསྐྲུན་འགྲེམ་སྤེལ་བྱས་རྗེས་ཀྱི་ཉམས་ཞིབ་ཀྱི་དཔྱད་འབྲས་གསར་བ་ཞིག་ཡིན།     

    དེབ་འདིའི་ནང་དུ་རྩོམ་པ་པོས་ཉེ་བའི་ལོ་རེ་གཉིས་ནང་བརྩམས་པའི་བརྡ་སྤྲོད་སྐོར་གྱི་དཔྱད་རྩོམ་བཅུ་གཅིག་དང་། སུམ་རྟགས་དྲིས་ལན་བརྒྱ་པ་བཅས་བརྗོད་བྱའི་ནང་དོན་ལྟར་དོན་ཚན་ཆེན་པོ་གསུམ་དུ་ཕྱེས་ཡོད། 

    དེའང་དོན་ཚན་དང་པོ་མིང་བརྡའི་འཁྲུལ་སྤོང་དུ། རྒྱུན་སྤྱོད་ཀྱི་ཐ་སྙད་དུ་མའི་འཇུག་ཡུལ་དང་སྒྲ་གཟུགས་ཀྱི་འགྱུར་ཚུལ། བེད་སྤྱོད་ཐད་ཀྱི་འཁྲུལ་ནོར་བཅས་ཐ་སྙད་རེ་རེའི་བྱུང་འཕེལ་འགྱུར་ལྡོག་གི་རྣམ་པ་གང་ཞིག་རྒྱུ་མ་ཕུ་འདེད་ཀྱི་རྣམ་པས་ཞིབ་མོར་དཔྱད་ཡོད་པས། བོད་སྐད་མིང་བརྡ་རིག་པའི་ཞིབ་འཇུག་གི་རྣམ་པ་གསར་བ་ཞིག་ཡིན། 

    དོན་ཚན་གཉིས་པ་སུམ་རྟགས་དྲིས་ལན་བརྒྱ་པ་རུ། པྲ་ཏིའི་སུམ་རྟགས་ཀྱི་ཚིག་དོན་ལས་འཕྲོས་པའི་དོན་གནད་བརྒྱ་ཐམ་པ་དྲི་བ་དང་དྲིས་ལན་གྱི་ཚུལ་དུ་ལྟ་བདེ་ཞིང་གོ་སླ་བའི་ངང་བཀོད་ཡོད་པས། ཡིག་ཚང་གཅིག་གམ་མཁས་པ་གཅིག་གི་བརྩམས་ཆོས་དང་དགོངས་པར་བྱེ་བྲག་ཏུ་དཔྱད་པའི་ཚུལ་མངོན་ཡོད། 

    དོན་ཚན་གསུམ་པ་དོགས་གནད་དཔྱད་གླེང་དུ། སྔོན་འཇུག་ད་ཡིག་དང་པྲ་ཏིའི་བཞེད་དགོངས་ཞེས་པ་དང་། རྣམ་དབྱེ་ཐམས་ཅད་ཚིག་ཕྲད་རེད་དམ་ཞེས་པའི་རྩོམ་ཡིག་གཉིས་བཀོད་ཡོད་པ་བཅས། 

    མདོར་ན། དེབ་འདིའི་ནང་གི་རྩོམ་ཡིག་རེ་རེ་བརྗོད་བྱ་ཆུང་ཆུང་ནས་མགོ་བརྩམས་ཏེ་དོན་གནད་འགངས་ཆེན་དག་ལ་དཔྱད་ཞིབ་གཟབ་ནན་བྱས་ཡོད་ལ། པར་ངོས་དང་ཚིག་སྦྱོར་གང་ཅིའི་ཐད་གཙང་བ་དང་། དག་པ། གཙིགས་པ་བཅས་ཀྱི་ཁྱད་ཆོས་མངོན་པར་གསལ་བས། བོད་སྐད་བརྡ་སྤྲོད་རིག་པའི་ཞིབ་འཇུག་གི་འབྲས་བུ་རིན་ཐང་ཅན་ཞིག་ཏུ་འགྱུར་བར་ངེས་ཞེས་འོས་སྦྱོར་གྱི་ཚུལ་དུ་བཀོད་པའོ།།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།