[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>དེབ་གསར་འོས་སྦྱོར།
  • 《ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས།》དཔེ་སྐྲུན་འགྲེམ་སྤེལ་བྱས།

  • ཡོང་ཁུངས།   ཁམས་པའི་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-03-17

    20173157537093088.jpg

    《ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས།》ལ་སྟོད་སྨད་གཉིས་མཆིས་པའི་ནང་སྡོམ་པའི་ཡིག་ཆ་སུམ་ཅུ་ལྷག་བདམས་ཤིང་། གཙོ་བོར་བོད་ཀྱི་ཤེས་རིག་དང་འབྲེལ་ཏེ་གནའ་བོའི་ཞང་ཞུང་དང་། བཙན་པོའི་དུས་སྐབས། བོད་སིལ་བུའི་རྗེས་ཀྱི་ལོ་རྒྱུས་དང་ཤེས་རིག་སྐོར་གྱི་དཔྱད་གཞིའི་དཔེ་རྙིང་རྩ་ཆེན་ཁག་ཅིག་གིས་གྲུབ་པ་ཡིན།  འདིར་དེ་སྔོན་གསུང་འབུམ་དང་དཔེ་ཚོགས་སོགས་སུ་བསྡུས་ཏེ་སྒེར་དང་དཔེ་སྐྲུན་ཁང་སོགས་ནས་པར་སྐྲུན་བྱས་ཀྱང་ད་དུང་ཆད་ལྷག་ཤོར་བ་དང་པར་གཞི་མི་འདྲ་བ་སོགས་ལ་རྐྱེན་བྱས་ཏེ། སྨན་རི་དགོན་གྱི་བོན་གྱི་ཡིག་ཆ་སོགས་ཕན་ཚུན་དཔེ་བསྡུར་གྱིས་དཔེ་སྐྲུན་བྱས་པ་ཁག་ཅིག་གི་ཁར། ད་ལྟ་སྨན་རིའི་དགོན་དུ་བཞུགས་ཤིང་དེ་སྔོན་དཔེ་སྐྲུན་བྱས་མེད་པའི་ཡིག་ཆ་ལག་ཏུ་གང་འབྱོར་མཐའ་དག་བསྡུས་པས། ཡིག་ཆ་སོ་སོའི་མཇུག་ཏུ་དཔེ་ཁུངས་གང་ཡིན་གྱི་སྐོར་གསལ་པོར་བྲིས་ཡོད་མོད། མ་དཔེ་མང་ཆེ་བའི་དཔེ་རྒྱུན་ཆད་པའམ་ཤིན་ཏུ་མཐོང་དཀོན་པའི་དབང་གིས་དེ་ཁོ་ན་ལས་དཔྱད་བསྡུར་ཞུ་ས་མ་རྙེད་པའི་ཁར་མ་དཔེ་གཅིག་པུའང་གསལ་པོ་མེད་པའི་གནས་ཚུལ་ཡང་བྱུང་།

    དཔེ་སྐྲུན་ཞུ་བའི་བརྒྱུད་རིམ་ནང་མ་དཔེའི་ནང་ཡིག་ནོར་ཡིན་ངེས་ཤིང་དོགས་པ་ཆོད་པའི་རིགས་དག་བཅོས་ཀྱིས་གུག་རྟགས་ནང་བཅུག་ཡོད་མོད། སྤྱིར་བཏང་ཡིག་ཆ་རེ་རེ་བཞིན་ཡིག་ནོར་ཡིན་ངེས་སྙམ་པ་མང་དག་ཅིག་མགོ་ནས་མཇུག་བར་འབྲི་ཚུལ་གཅིག་ལྟར་བྲིས་ཡོད་པས། མཐར་ང་ཚོ་རྩོམ་སྒྲིག་ཚོགས་ཆུང་གིས་གྲོས་བསྡུར་འོག་མ་བཅོས་པར་སོར་འཇོག་བྱས་ཡོད། དེ་ལའང་ཕྱོགས་གཅིག་ནས་དུས་སྐབས་སོ་སོའི་མཁས་པའི་དགོངས་ཚུལ་འདྲེས་ཡོད་པས་དཔྱད་གཞིའི་རྒྱུར་མཐོང་སྟེ་བཞག་པ་ཡིན། དཔེར་ན། ཁྲི་སྲོང་ལྡེ་བཙན་ལྡེ་བཙན་གྱི་ལྡེ་བཙན་ལ་སྡེ་བཙན་ཞེས་པ་ལྟ་བུ་དང་། དེ་བཞིན་སུམ་རྟགས་དག་གསུམ་གྱི་བཞེད་ཚུལ་མི་འདྲ་བར་རྐྱེན་བྱས་ཏེ་སྤྱིར་བཏང་གི་ཕྲད་སྦྱོར་ཚུལ་དང་། མིང་ཚིག་སོགས་ཀྱི་ཐད་ནས་ཀྱང་འབྲི་སྟངས་སྣ་ཚོགས་མཆིས་ལ། ཡིག་ཆ་ལ་ལར་འབྲི་སྟངས་དེ་འདྲ་རྩོམ་ཡོངས་ནས་བྲིས་འདུག་པས། ཐོག་མར་ང་ཚོས་དེ་དག་ཚང་མ་གཅིག་གྱུར་གྱིས་དག་བཅོས་བྱས་མོད། མཐར་འབྲེལ་ཡོད་ཞིབ་འཇུག་པ་དང་མཁས་པ་རྒན་པ་རྣམས་ཀྱི་དགོངས་ཚུལ་གཞིར་བཟུང་སྟེ་མ་བཅོས་པར་སོར་འཇོག་བྱས་ཡོད་པས་དེའི་སྐོར་རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་ཐུགས་ལ་བཟུང་སྟེ་དཔྱད་པར་འཚལ། དེ་མིན་མིང་བརྡ་གང་མང་ཞིག་གི་དོན་གང་ཡིན་གསལ་པོར་མི་རྟོགས་པ་དང་། ལ་ལ་དག་ཆ་མ་ཐོན་པའི་ཁར་ཚིག་གི་སྦྱོར་ཚུལ་ཡང་ཅུང་འཁྲུག་པ་མཆིས་མོད། ཡིག་རྙིང་གི་མ་ཕྱི་ལ་དག་བསྒྲིགས་ཀྱིས་སོ་རྩེས་རེག་མི་རུང་བར་སྙམ་སྟེ་ཇི་བཞིན་བཞག་ཡོད། དེར་བརྟེན་དཔེ་སྐྲུན་གྱི་དག་བསྒྲིགས་དང་ཞུ་དག་སྐབས་སུ་འཁྲུལ་བ་དང་ནོར་འཛོལ་བྱུང་བའི་སྐྱོན་གང་མང་ཞིག་མཆིས་པས། རྒྱ་ཆེའི་མཁས་པ་དང་ཞིབ་འཇུག་པས་གཙོས་པའི་ཀློག་མཁན་ཡོངས་ཀྱིས་ཉམས་འཇོག་གིས་དགོངས་འཆར་ལྷུག་སྩོལ་གནང་བར་ཞུའོ། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།