[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>དེབ་གསར་འོས་སྦྱོར།
  • 《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-30


    གསར་འགོད་པས་ཚེས་24ཉིན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། རྒྱལ་ནང་གི《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》ཐོག་མ་དེ་དངོས་སུ་དཔེ་སྐྲུན་བྱས་ཤིང་། དེ་ནི་བོད་གནའ་རབས་ཀྱི་བསམ་བློའི་ལོ་རྒྱུས་དང་། ཤེས་རིག་ལོ་རྒྱུས། ཚན་རྩལ་ལོ་རྒྱུས། གསོ་རིག་གི་ལོ་རྒྱུས། ཆོས་ལུགས་ལོ་རྒྱུས་བཅས་ཀྱི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་པའི་ཡིག་ཆ་གལ་ཆེན་ཞིག་ཡིན་ལ་ཏུན་ཧོང་ཡིག་རྙིང་གི་ཁ་གསབ་ཀྱི་རྒྱུ་ཆ་གལ་ཆེན་ཡང་ཡིན་པ་རེད།


    《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》ནི་བོད་དམངས་ཁྲོད་དུ་བོན་པོའི་ཁྱིམ་ཚང་ནས་མི་རབས་ནས་མི་རབས་བར་ཉར་བའི་གནའ་བོའི་ཡིག་ཆ་བྲིས་མ་ཁ་ཐོར་གནས་པ་དག་འཚོལ་སྡུད་བྱས་པ་ཞིག་རེད། ནང་དོན་ལ་གནའ་ཉམས་ལྡན་ཞིང་ཕལ་ཆེར་དུས་རབས་10པ་ནས་13པ་བར་གྱི་ཡིག་ཆ་ཡིན་པ་དང་། ནང་བསྟན་དང་རྒྱ་གར་རིག་གནས་ཀྱིས་བོད་ཡུལ་ལ་ཤུགས་རྐྱེན་མངོན་གསལ་མ་ཐེབས་པའི་གོང་གི་སྲིད་པའི་བོན་གྱི་ཡིག་ཆའི་ཁོངས་སུ་གཏོགས།


    ཡིག་ཆ་དེའི་ནང་དོན་གཙོ་བོ་ནི་ནང་བསྟན་བོད་དུ་མ་དར་བའི་གོང་གི་བོད་རང་གི་སྲོལ་རྒྱུན་རིག་གནས་ཏེ། བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་འཚོ་བ། གོམས་སྲོལ་རིག་གནས། གཏན་ཚིགས་མཚན་ཉིད་རིག་པ། གནམ་དཔྱད་དང་ས་ཁམས། སྐད་དང་ཡི་གེ་སོགས་ཀྱི་རིག་པའི་གནས་མང་པོ་དང་འབྲེལ་ཡོད་པ་རེད།


    ངོ་སྤྲོད་བྱས་པ་ལྟར་ན། 《གནའ་རབས་བོན་གྱི་དཔེ་དཀོན་བྲིས་མ》ནི་པར་སློག་བརྒྱབ་ནས་ཡིག་ཆའི་ཕྱི་མོའི་རྣམ་པ་སོར་འཇོག་བྱས་པ་མ་ཟད། དབུ་མེད་བྲིས་མ་དེ་དག་དབུ་ཅན་དུ་ཕབ་ནས་ཐིག་ཕྲེང་རེ་རེ་བཞིན་བྱས་ཏེ་བཀོད་ཡོད་པ་དང་། ཡིག་ཆའི་ཁྲོད་བྱུང་བའི་སྐུང་ཡིག་དག་གཅིག་ཀྱང་མ་ལུས་པར་བཀྲལ་བ་དང་། སྲིད་པའི་བོན་གྱི་བརྡ་ཆད་ཁྱད་པར་ཅན་དང་། གྲངས་ཀས་མཚོན་པའི་ཡི་གེ ཁྱད་པར་ཅན་གྱི་བརྡ་རྟགས་སོགས་དཀའ་གནད་ཡོད་རིགས་ལ་མཆན་བུ་བཏབ་ནས་གོ་བདེ་བར་བཏང་ཡོད་པ་རེད།


    བོད་ཀྱི་དཔེ་རྙིང་ཕྱོགས་བསྒྲིགས་དཔེ་ཚོགས་དེ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྟོང་སྐོར་ཚེ་རིང་ཐར་དང་ལན་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོ་གཉིས་ཀྱིས་གཙོ་སྒྲིག་བྱས་པ་ཞིག་དང་། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་པར་སྐྲུན་འཆར་འགོད་རྣམ་གྲངས་དང་། གྲངས་ཉུང་མི་རིགས་ཡིག་རིགས་པར་སྐྲུན་ཆེད་སྤྱོད་རོགས་དངུལ་གྱི་རྣམ་གྲངས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་2011ལོའི་གལ་ཆེའི་རྨང་གཞིའི་ཚན་ཞིབ་ལས་སྒོའི་གྲོན་དངུལ་གྱི་རྣམ་གྲངས་གལ་ཆེན་གྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་བཅས་ཡིན།


    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།