[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>དེབ་གསར་འོས་སྦྱོར།
  • རཱ་མ་ཎའི་རྟོགས་བརྗོད་བོད་འགྱུར་མ་ཆ་ཚང་པར་དུ་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-06

    1528187893795592.jpg

    རཱ་མ་ཎའི་རྟོགས་བརྗོད་བོད་འགྱུར་མ་ཆ་ཚང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ།

    རྒྱ་གར་གྱི་དྲང་སྲོང་གྲོག་མཁར་གྱིས་བརྩམས་པའི་༼རཱ་མ་ཎའི་རྟོགས་བརྗོད་༽སྡེ་ཚན་བདུན་དང་དེབ་བརྒྱད་ཀྱི་བདག་ཉིད་ཅན་དེ་ཀྲུང་གོ་མི་རིགས་ཡིག་སྒྱུར་ཁང་བོད་ཡིག་ལོ་ཙཱ་ཁང་གི་ལོ་ཙཱ་བ་ཨོ་རྒྱན་གྱིས་ཆ་ཚང་བོད་ཡིག་ཏུ་བསྒྱུར་ཅིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་པར་དུ་བསྐྲུན། གཤམ་ནས་དེའི་སྐོར་ངོ་སྤྲོད་མདོར་བསྡུས་བྱེད་པར་བྱ་སྟེ།

    རཱ་མ་ཎའི་རྟོགས་བརྗོད་དང་བྷ་ར་ཏ་ཆེན་མོའི་གཏམ་རྒྱུད་གཉིས་ནི་གནའ་བོའི་རྒྱ་གར་གྱི་དཔའ་བོའི་བྱུང་བ་བརྗོད་པའི་སྙན་ངག་རིང་མོ་གཉིས་ཡིན། རྒྱ་གར་དུ་རཱ་མ་ཎའི་རྟོགས་བརྗོད་ལ་ཆེས་ཐོག་མའི་སྙན་ངག་ཏུ་བརྗོད་ཅིང་རྒྱ་གར་རྩོམ་རིག་དང་འཛམ་གླིང་རྩོམ་རིག་གི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་ཞིང་རྩོམ་རིག་དང་རིག་གནས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མྱོང་། བསྟན་བཅོས་གྲགས་ཅན་འདི་རང་རེ་བོད་ལ་གནའ་ནས་སྐད་གྲགས་ཆེ་ན་ཡང་དུས་ད་ལྟའི་བར་དུ་རྒྱ་གར་གྱི་དྲང་སྲོང་གྲོག་མཁར་གྱིས་བརྩམས་པར་གྲགས་པའི་རཱ་མ་ཎའི་རྟོགས་བརྗོད་ཆ་ཚང་བོད་ལ་འགྱུར་མེད་པས། འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་སུ་ལ་ཡང་ཆ་རྒྱུས་མེད་པར་སྣང་། བདག་གིས་བསྟན་བཅོས་འདི་བོད་ལ་གལ་ཆེ་བར་མཐོང་སྟེ་རྒྱའི་མཁས་པ་ཆེན་མོ་སྐུ་ཞབས་ཅིས་ཞན་ལིན་གྱི་རྒྱ་འགྱུར་མའི་སྟེང་ནས་བོད་སྐད་དུ་སྒྱུར་བའི་ལས་ལ་ཞུགས་པ་ཡིན། ཡིག་སྒྱུར་གྱི་དགོས་མཁོའི་དབང་གིས་བདག་གིས་རཱ་མ་ཎའི་རྟོགས་བརྗོད་དང་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་འགའ་རེར་ཟུར་ལྟ་བྱས་མྱོང་། དེ་ལས་ཐོབ་པའི་ངོས་ཟིན་འགའ་རང་དང་སྐལ་མཉམ་རྣམས་ལ་བསམ་འཆར་བརྗེ་རེས་ཀྱི་ཚུལ་དུ་འབུལ་བར་བྱ།

    1528187901188657.jpg

    རཱ་མ་ཎའི་རྟོགས་བརྗོད་ཆ་ཚང་རྒྱ་ཡིག་ཏུ་སྒྱུར་མཁན་ཅིས་ཞན་ལིན་ལགས་དང་བོད་ཡིག་ཏུ་སྒྱུར་མཁན་ཨོ་རྒྱན་ལགས་གཉིས་ཀྱི་མཉམ་པར། 

    རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

    རཱ་མ་ཎའི་རྟོགས་བརྗོད་ཀྱི་གླེགས་བམ་དང་པོ་གཞོན་ནུའི་སྡེ་རུ་འདིའི་རྩོམ་པ་པོ་དྲང་སྲོང་གྲོག་མཁར་ཡིན་པར་བཤད། རྒྱ་གར་དུ་དྲང་སྲོང་འདིའི་སྐོར་གྱི་བཤད་རྒྱུན་ཤིན་ཏུ་མང་། ལ་ལས་དྲང་སྲོང་ཞིག་ཡིན་པར་འདོད། ཁ་ཅིག་གིས་བྱ་རྒྱལ་ཁྱུང་ཆེན་གྱི་བུ་ཡིན་པར་བཤད། ཁོང་ཉིད་རཱ་མ་ཎའི་རྟོགས་བརྗོད་འདི་བརྩམས་པ་ལ་བརྟེན་ནས་རྒྱ་གར་རྩོམ་རིག་ལོ་རྒྱུས་ཐོག་གི་ཆེས་ཐོག་མའི་སྙན་ངག་མཁན་དུ་གྱུར་བ་རེད།

    གྲོག་མཁར་ཞེས་པའི་མིང་འདི་ཇི་ལྟར་བྱུང་བའི་སྐོར་ལ་བཤད་ཚུལ་མི་འདྲ་བ་འགའ་མཆིས་ཏེ། བཤད་ཚུལ་ཞིག་ལ་ཁོ་ལོ་ངོ་མང་པོའི་རིང་དཀྱིལ་དྲུང་དུ་བཞུགས་ཏེ་བསམ་གཏན་ལ་ཞུགས་ཤིང་ལུས་ཡོངས་རྫོགས་གྲོག་མས་ཁེངས་ཏེ་མཁར་ལྟ་བུར་གྱུར་བས་མིང་ལ་དེ་སྐད་ཐོགས་པ་ཡིན་པར་བཤད། བཤད་ཚུལ་གཞན་ཞིག་ནི་ཅུང་རྒྱས་ཏེ། ཁོ་བྲམ་ཟེའི་རིགས་སུ་འཁྲུངས་ཤིང་གཞོན་དུས་ཕ་མས་བོར་བས་ནགས་སུ་འཁྱམས། དེར་རྐུན་ཇག་གི་ལས་བྱེད་པའི་དམུ་རྒོད་ཅིག་གིས་ཁོ་གསོས། རྐུན་མའི་རིག་པ་བསླབས་པས་བྱང་བར་ཤེས་ཏེ་རྐུན་ཇག་འཕྲོག་བཅོམ་དང་མི་གསོད་པའི་ལས་བྱས་ཤིང་ཚོང་འགྲུལ་བ་ལ་གནོད་པ་བྱས། དེ་ལྟར་ལོ་འགའ་འདས་པའི་ཉིན་ཞིག་ཁོ་དྲང་སྲོང་ཞིག་དང་འཕྲད་དེ་དེར་རྒྱུ་ནོར་སྤྲོད་ཅིག མི་སྤྲོད་ན་སྲོག་འཕྲོག་པར་བྱའོ་ཞེས་འཇིགས་བསྐུལ། དྲང་སྲོང་གིས་ཁོ་ལ་རང་ཁྱིམ་དུ་ལོག་ལ་ཆུང་མའི་ངག་ལ་ཉོན་ཅིག་ཅེས་གདམས། ཁོ་འུ་ཐུག་སྟེ་ཁྱིམ་དུ་ལོག དྲང་སྲོང་གིས་ཁོར་མརཱ་ཞེས་པ་འདི་ཡང་ཡང་འདོན་དུ་བཅུག མརཱ་ནི་རཱམ་ཞེས་པ་ལྡོག་པ་རེད། དྲང་སྲོང་གིས་དེ་ལྟར་གདམས་རྗེས་མི་སྣང་བར་གྱུར། ཁོ་དེ་རུ་འགྲེང་སྟེ་ཡུན་རིང་འགོར། རིམ་གྱིས་ལུས་ལ་གྲོག་མས་ཁེངས་ཤིང་གཡོགས། སྐབས་དེར་སྔོན་གྱི་དྲང་སྲོང་དེ་གློ་བུར་དུ་བྱུང་སྟེ་ཁོ་ལ་དངོས་གྲུབ་བསྩལ། དེ་ནས་བཟུང་སྟེ་དྲང་སྲོང་ཆེན་པོར་གྱུར་ཅིང་མིང་ལ་གྲོག་མཁར་ཞེས་ཐོགས། ཉིན་ཞིག་ཁོས་མཆོད་སྦྱིན་བྱེད་བཞིན་པའི་སྐབས་སུ་འདོད་པ་སྤྱོད་བཞིན་པའི་ཆུ་སྐྱར་ཕོ་མོ་གཉིས་ལས་ཕོ་དེ་རྔོན་པ་ཞིག་གིས་མདས་བསད་པ་མཐོང་སྟེ་ཡིད་མྱ་ངན་དང་སྙིང་རྗེའི་ངང་ནས་ཤོ་ལོ་ཀ་ཞིག་ཐོལ་བྱུང་དུ་ངག་ལ་གྱེར། སྐབས་དེར་ཚངས་པ་ཆེན་པོ་གློ་བུར་དུ་ནམ་མཁའ་ནས་བབས་ཏེ་ཁོ་ལ་རཱ་མ་ཎའི་རྟོགས་བརྗོད་རྩོམ་དགོས་པའི་སྐུལ་མ་གནང་བ་རེད་ཅེས་སོགས་མང་པོ་བཤད།

    གོང་གི་བཤད་ཚུལ་འདི་དག་ལ་ལྷ་སྒྲུང་གི་ཁྱད་ཆོས་ལྡན་པས་ང་ཚོ་རྩ་བ་ནས་ཡིད་ཆེས་རྒྱུ་དཀའ་ན་ཡང་། རྒྱུ་མཚན་འདི་ལ་བརྟེན་ནས་གྲོག་མཁར་ཞེས་པ་ལྷ་སྒྲུང་ནང་གི་མི་སྣ་ཞིག་ཏུ་བརྩིས་ཏེ་དེ་འདྲའི་མི་ཞིག་བྱུང་མ་མྱོང་བར་ཐག་བཅད་ན་མི་རུང་། ཡིན་ན་ཡང་གནའ་བོའི་རྒྱ་གར་གྱིས་ལོ་རྒྱུས་དེབ་ཐེར་ཏུ་འགོད་པར་མཐོང་ཆེན་མི་བྱེད་པས་དུས་ད་ལྟའི་བར་དུ་ང་ཚོ་ལ་གྲོག་མཁར་ཞེས་པའི་མི་ཞིག་ལོ་རྒྱུས་ཐོག་ཏུ་དངོས་སུ་བྱུང་མྱོང་བ་དང་། དེ་རཱ་མ་ཎའི་རྟོགས་བརྗོད་ཀྱི་རྩོམ་པ་པོ་ཡིན་པའི་བདེན་དཔང་ཁུངས་ཐུབ་ཅིག་མེད་ལ། དེ་ལོ་རྒྱུས་ཐོག་དངོས་སུ་བྱུང་མ་མྱོང་བ་དང་། རཱ་མ་ཎའི་རྟོགས་བརྗོད་ཀྱི་རྩོམ་པ་པོ་མིན་པའི་བདེན་དཔང་ཁུངས་ཐུབ་ཅིག་ཀྱང་མེད། ཡིན་ན་ཡང་རཱ་མ་ཎའི་རྟོགས་བརྗོད་ཀྱི་གླེགས་བམ་གཉིས་པ་ནས་དྲུག་པའི་བར་གྱི་བརྗོད་བྱ་འབྲེལ་ཆགས་ཤིང་རྩོམ་གཤིས་གཅིག་གྱུར་ཡིན་པས། གལ་ཏེ་དེ་ལ་ངེས་གཏན་གྱི་རྩོམ་པ་པོ་ཞིག་ཡོད་ན་དེ་ནི་དྲང་སྲོང་གྲོག་མཁར་རེད་ཅེས་བརྗོད་ན་ཡང་འགལ་བ་མེད་པར་སྙམ།

    དེས་ན་གྲོག་མཁར་ནི་ང་ཚོས་ད་ལྟ་མཐོང་ཐུབ་པའི་རཱ་མ་ཎའི་རྟོགས་བརྗོད་སྡེ་ཚན་བདུན་དང་གླེགས་བམ་བརྒྱད་ཀྱི་བདག་ཉིད་ཅན་འདིའི་རྩོམ་པ་པོ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། རཱ་མ་ཎའི་རྟོགས་བརྗོད་ཀྱི་ཐོག་མའི་རྣམ་པའམ་དེའི་བརྗོད་བྱར་གྱུར་བའི་གཏམ་རྒྱུད་རགས་པ་ནི་རྒྱ་གར་དམངས་ཁྲོད་དུ་དུས་སྔ་མོ་ནས་བྱུང་ཞིང་དེ་ནི་དོན་བརྗོད་སྙན་ངག་དང་། བསྟོད་པའི་སྙན་ངག་ཐུང་ངུ་སོགས་ཀྱི་རྣམ་པར་ཁ་ཐོར་དུ་ཡོད། དེ་དག་རིམ་བཞིན་དམངས་ཁྲོད་སྒྲུང་བ་རྣམས་ཀྱིས་སྙན་ནས་སྙན་དང་ངག་ནས་ངག་ཏུ་བརྒྱུད་སྤེལ་བྱས། བརྒྱུད་རིམ་འདིའི་ཁྲོད་རིམ་བཞིན་མ་ལག་ཇེ་རྒྱས་དང་བྱུང་རིམ་འཐུས་ཚང་། རྗོད་བྱེད་ཇེ་སྙན་དུ་བཏང་། དེ་ལྟར་དྲང་སྲོང་གྲོག་མཁར་གྱི་སྙན་དུ་བརྒྱུད་པ་ན་ཁོང་གིས་གཏམ་རྒྱུད་དམ་ངག་རྒྱུན་དེ་དག་ཕྱོགས་བསྡུས་དང་ལེགས་སྒྲིག་བྱས་ཏེ་གཞུང་ཆེན་མོ་འདིའི་བརྗོད་བྱའི་ནང་དོན་གྱི་ཆ་ནས་གོང་བསྒྲིགས་ཤིང་གཏམ་རྒྱུད་ཆ་ཚང་ཞིག་ཏུ་བཏང་བ་དང་། རྗོད་བྱེད་ཚིག་ཉམས་ཀྱི་ཆ་ནས་ཚིག་རྒྱན་དང་མངོན་བརྗོད་ཀྱིས་བཅིངས་ཤིང་སྙན་ངག་གི་ཉམས་དང་ལྡན་པར་བྱས་ཏེ། ཆེས་ཐོག་མའི་སྙན་ངག་ཏུ་འབོད་པ་འདི་བརྩམས་པ་དང་། དེ་ལ་བརྟེན་ནས་རང་ཉིད་ཀྱང་ཆེས་ཐོག་མའི་སྙན་ངག་མཁན་དུ་གྱུར་བ་རེད།

    1528187918298767.jpg

    རཱ་མ་ཎའི་རྟོགས་བརྗོད་ཆ་ཚང་བོད་ཡིག་ཏུ་སྒྱུར་མཁན་ཨོ་རྒྱན་ལགས། 

    བརྩམས་པའི་དུས།

    རཱ་མ་ཎའི་རྟོགས་བརྗོད་དུས་ནམ་ཞིག་ལ་བརྩམས་པའི་སྐོར་ལ་མཁས་པ་མང་པོའི་ལྟ་ཚུལ་མི་མཐུན་ཏེ། རྒྱ་གར་གྱི་མཁས་པ་མང་པོ་ཞིག་གིས་རིག་བྱེད་བཞི་བརྩམས་པའི་རྗེས་ནས་རཱ་མ་ཎའི་རྟོགས་བརྗོད་བརྩམས་པ་ཡིན་པར་འདོད། སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་པར་སླེབས་དུས་རྟོགས་བརྗོད་ལ་ད་དུང་ཁ་སྣོན་དང་ཁ་གསབ་བྱེད་བཞིན་འདུག་ཟེར། རྒྱ་གར་གྱི་མཁས་པ་ཅིན་ཏ་མ་ནུ་ཡིས་ངེས་བརྗོད་རིག་བྱེད་ཀྱི་བམ་པོ་བཅུ་བར་བྱུང་བའི་རཱ་མ་ཞེས་པ་ཤིང་རྟ་བཅུ་བའི་བུ་རཱ་མ་ཎ་ཡིན་པར་བཤད། དེས་ན་ངེས་བརྗོད་རིག་བྱེད་ཀྱི་བམ་པོ་བཅུ་བ་དུས་ནམ་བརྩམས་པའི་ལོ་ལ་ཡང་ལྟ་ཚུལ་མི་མཐུན་པ་ཡོད་དེ། ཡོ་རོབ་གླིང་གི་མཁས་པས་སྤྱི་ལོའི་སྔོན་གྱི་ལོ་༡༥༠༠ནང་ཡིན་པར་འདོད། 

    1528188114100980.jpg

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།