[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • མལ་གྲོ་གུང་དཀར་རྫོང་འབྲི་གུང་ཁུལ་དུ་དར་བའི་བོད་སྟོད་པའི་ཤོན།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-29

    640.webp.jpg

    ཤོན་འཁྲབ་བཞིན་པ།

    མལ་གྲོ་གུང་དཀར་རྫོང་འབྲི་གུང་ཁུལ་དུ་དར་བའི་བོད་སྟོད་པའི་ཤོན་གྱི་ལོ་རྒྱུས་རིང་ལ་འཁྲབ་ཆས་གྲ་རྒྱས་པ་དང་། གཞས་གདངས་སྙན་ཞིང་འཇེབས་པ། བོད་ས་མཐོའི་ཞབས་གཞས་གཞན་ལས་དལ་ཞིང་ལྷོད་པ། འཁྲབ་རྩལ་ཡ་རབས་ལ་བརྗིད་པ་བཅས་ཀྱི་ཁྱད་ཆོས་ལྡན་ལ། ལོ་རྒྱུས་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་པས། ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད།

    སྤྱིར་བོད་དུ་ཤོན་དར་བའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས་མི་རྣམས་ཀྱིས་སྤྱི་ལོའི་སྔོན་དུ་སྟོན་པ་གཤེན་རབ་མི་བོ་ཆེ་གདན་འདྲེན་ཞུ་སྐབས་ཤོན་འཁྲབ་པའི་དཔྱད་གཞིར་གཞིགས་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་པར་ངོས་འཛིན་པར་བྱེད། ཤོན་ནི་དང་ཐོག་སྟོད་མངའ་རིས་ཁུལ་ནས་དར་བ་ཞིག་ཡིན་པ་དང་། ཤོན་ཞེས་པ་ཡང་ཞང་ཞུང་གི་སྐད་ཡིན་ལ། གླུ་གར་ལ་ཟེར་གྱི་ཡོད། ཞོལ་རོང་གཙང་པོའི་རྒྱུད་དུ་དར་བའི་བོད་སྟོད་པའི་ཤོན་ནི་ས་དེ་གའི་དམངས་ཁྲོད་དུ་འབྲི་གུང་ཨ་ཕྱི་ཆོས་སྒྲོན་གྱིས་བཏོད་པར་གྲགས་རུང་། ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་མང་དག་ཅིག་ལས་སྟོད་མངའ་རིས་ཁུལ་དུ་དར་བའི་ཤོན་དང་འབྲེལ་བ་དམ་ཟབ་ཡོད། བོད་སྟོད་པའི་ཤོན་དེ་ནི་ལེ་ཚན་ཆུང་ངུ་དུ་མ་ལས་གྲུབ་པའི་ལེའུ་བཅུའི་བདག་ཉིད་ཅན་ཞིག་ཡིན་ལ། འཁྲབ་སྟོན་བྱེད་སྐབས་ཤོན་འཁྲབ་པའི་དུས་ཚོད་དང་ས་གནས་སྔོན་ནས་གཏན་འཁེལ་བྱས་པ་བཞིན་འཁྲབ་དགོས་པ་དང་། དེ་སྔ་བོད་སྟོད་པའི་ཤོན་འཁྲབ་པའི་དུས་ཚོད་ནི་སྤྲུལ་སྐུ་ཁྲི་འདོན་དང་། རབ་གནས་མཛད་སྒོ། ཕོ་བ་ཆེན་པོ་བཅས་ཀྱི་སྐབས་སུ་མ་གཏོགས་དུས་མིན་འཁྲབ་སྲོལ་མེད། ཤོན་འཁྲབ་སྐབས་གཞས་དཔོན་གྱིས་ཚོན་མདོག་སྣ་ལྔའི་མདའ་དར་ཞིག་བཟུང་ནས་གཞས་སྣེ་ཁྲིད་པ་དང་གཞས་པ་བྱིངས་ཀྱིས་འབྲོག་ཆས་ཀྱི་ཤན་ཞུགས་ཆེ་ཞིང་ཚོས་གཞི་ཧར་ལ་སྐེ་རགས་རིམ་པ་མང་བའི་ཤོན་གྱི་དམིགས་བསལ་འཁྲབ་ཆས(རྒྱུ་ཆའང་སྤུས་དག་དགོས་སྟབས་འབྱོར་འཁོས་ཞན་པའི་ཡུལ་མི་ཚོར་དཀའ་ངལ་ཆེན་པོ་བཟོ་གི་ཡོད)ཤིག་གྱོན་པ་དང་གླུ་ལེན་ཞོར་དུ་འཁྲབ་ཀྱི་ཡོད་ལ། རོལ་མོའི་རམ་འདེགས་ཀྱང་མེད་ཅིང་། ཕོ་མོའི་ཕྱག་རྒྱ་གཅིག་མཚུངས་མིན། གཞས་ཀྱི་གོ་རིམ་མངོན་གསལ་དོད་ལ་སྒྲིག་གཞི་ཚགས་དམ་པོ་ཡོད། གཞས་ཀྱི་ནང་དོན་ཕལ་ཆེ་བ་ནི་གནས་ས་རི་ཁྲོད་དང་། བླ་སྤྲུལ་གྲྭ་བཙུན། རི་རབ་ཁང་ཁྱིམ་སོགས་ལ་བསྟོད་པ་འབུལ་བ་ཡིན། གཞས་ཀྱི་སྟངས་སྟབས་ཐད་སྤྱིར་བཏང་དམངས་གཞས་ཀྱི་ཕྱག་རྒྱ་དང་མི་མཚུངས་པར་གུས་ཕྱག་འབུལ་སྟངས་དང་ཐལ་མོ་སྦྱོར་སྟངས་སོགས་ཡོད་ལ་ཐོན་སྐྱེད་ངལ་རྩོལ་བྱེད་སྟངས་ཀྱི་རྣམ་པ་ཡང་ཡོད།

    བོད་སྟོད་པའི་ཤོན་གྱི་གཞས་ཚིག་དང་། གཞས་གདངས། སྟངས་སྟབས་བཅས་ཀྱི་ཐད་བོད་ས་མཐོར་དར་བའི་ཞབས་གཞས་དང་། རྣམ་ཐར་སོགས་ཀྱི་ནང་དོན་དང་འདྲ་བའི་ཆ་ཡོད་ལ་མི་འདྲ་བའི་ཆའང་ཡོད། འབྲི་གུང་གདན་རབས་བཅུ་གཉིས་པ་དོན་གྲུབ་རྒྱལ་པོས་ཤོན་གྱི་ནང་དོན་དང་། འཁྲབ་ཆས། འཁྲབ་སྟངས་སོགས་གང་ཅིར་ལེགས་སྒྲིག་གིས་འཐུས་སྒོ་ཇེ་ཚང་དུ་བཏང་བས་རིག་གནས་དང་སྒྱུ་རྩལ་གྱི་རིན་ཐང་ཧ་ཅང་ཆེ་བའི་ད་ཆའི་ཤོན་གྱི་སྒྱུ་རྩལ་རྣམ་པ་དེ་གྲུབ་པ་ཞིག་ཡིན།

    (ཆུང་བདག)

    640.webp (1).jpg

    དར་ཚོན་སྣ་ལྔས་བརྒྱན་པའི་ཤོན་གྱི་འཁྲབ་ཆས།

    640.webp (2).jpg

    གཞས་དཔོན་གྱིས་གཞས་སྣེ་ཁྲིད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།