[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • སླར་ཡང་བྱ་འཕུར་གློད་པའི་དུས་སུ་སླེབས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-30

    ལོ་གཅིག་དུས་གཅིག་གི་བྱ་འཕུར་གློད་པའི་ནམ་དུས་ཟིན། ལྷ་ས་སྐྱིད་ཆུའི་ངོགས་སུ་སྐྱོད་སྐབས། བྱ་འཕུར་གློད་མཁན་དང་། བྱ་འཕུར་འཚོང་མཁན། ལྟད་མོ་ལྟ་མཁན། ཞོག་སྲེག་དང་གྲང་ཐུག་འཚོང་མཁན་སོགས་ཀྱིས་ཁེངས་འདུག འོན་ཀྱང་མི་ཚོགས་ཀྱི་ཀློང་དུ་གཙོ་བོ་ནི་བྱ་འཕུར་གློད་མཁན་དག་རེད་འདུག དགུང་སྔོན་དབྱིངས་ཀྱི་དམར་ཁྲ་དང་། སྔོ་ཁྲ། དཀར་ཁྲ་སོགས་ཚོས་གཞི་འདྲ་མིན་སྣ་ཚོགས་ཀྱི་བྱ་འཕུར་དག་ནི་ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་དང་གཉིས་སུ་མ་མཆིས།

    ལྷ་སའི་བྱ་འཕུར་ལ་མ་གཞི་ནང་སའི་བྱ་འཕུར་ནང་བཞིན་བཟོ་ལྟ་འདྲ་མིན་སྣ་ཚོགས་མེད་རུང་། ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཡོད་པ་ནི་འཛིང་ག་རྒྱག་རྒྱུ་ཡོད་པ་དེ་ཡིན་པ་རེད།

    434826_yis_1505538584181_s.jpg

    བྱ་འཕུར་གློད་བྱེད་ཀྱི་འཁོར་ལོ།

    《བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་རིས》ཞེས་པའི་ནང་བྱ་འཕུར་ནི་བོད་ཀྱི་ལྷ་ས་དང་། གཞིས་རྩེ། རྩེད་ཐང་སོགས་སུ་དར་སོ་ཆེན་པོ་ཡོད་ཅིང་། དེ་ནས་ཁྱིམ་མཚེས་རྒྱལ་ཁབ་ནེ་པ་ལ་དང་འབྲུག་ཡུལ་སོགས་ལ་དར་ཡོད། ཆིང་རྒྱལ་རབས་སྐབས་སུ་བོད་ཀྱི་སྐུ་དྲག་ཁྲོད་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་ཡོད་ཅེས་འཁོད། ཡིན་ནའང་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ཇུས་འགོད་ཚན་ཁག་གི་དགེ་རྒན་བསྟན་ཆོས་ཀྱིས་ལྷ་སའི་བྱ་འཕུར་གྱི་འབྱུང་སྟངས་ལ་ལྟ་ཚུལ་མི་འདྲ་བ་འདི་འདྲ་ཞིག་འདུག ཁོང་གིས་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་བྱ་འཕུར་ལྷ་སར་དར་ཞིང་། དེ་ཡང་ཨ་ཧྥུ་ཀ་ནི་སི་ཐན་དང་། རྒྱ་གར། ཕ་ཁི་སི་ཐན་བཅས་ཀྱི་རྒྱུད་ནས་དར་བ་ཞིག་རེད། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཀསྨིར་བ་ནེ་པ་ལ་བརྒྱུད་དེ་ལྷ་སར་ཚོང་རྒྱག་པ་དང་གཏན་སྡོད་བྱེད་པར་ཡོང་གི་ཡོད། དུས་ཡུན་རིང་པོ་སོང་རྗེས་ས་ཐག་རིང་བའི་རྒྱལ་ཁབ་ནས་ཡོང་བའི་སྐྱེ་བོ་དག་གིས་རང་གི་ཕ་ཡུལ་ལ་གློད་པའི་བྱ་འཕུར་བཟོས་པ་མ་ཟད། རང་ཉིད་ཀྱི་རྩེད་སྟངས་ཐོག་ནས་བྱ་འཕུར་འཛིང་ག་བརྒྱབ་སྟེ་ཕ་ཡུལ་གྱི་འཕྲེང་སེམས་ཞི་ཐབས་བྱེད་ཀྱི་ཡོད་ཅེས་གསུངས།

    ཀསྨིར་གྱི་ཚོང་པས་ལྷ་སར་རང་གི་ཕ་ཡུལ་གྱི་བྱ་འཕུར་བཟོ་རྩལ་གྱི་རྒྱུན་བསྐྱངས་པ་མ་ཟད། ལྷ་ས་བ་ཚོར་བྱ་འཕུར་གང་འདྲ་བྱས་ཏེ་འཛིང་ག་རྒྱག་དགོས་མིན་བསླབས། དང་ཐོག་མར་བྱ་འཕུར་ནི་འབྱོར་པ་ཆེ་བའི་ཁྱིམ་ཚང་གི་ཕྲུ་གུར་མ་གཏོགས་རྩེད་པའི་བསྐལ་བ་མེད། རྗེས་སུ་མི་རྣམས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བ་དང་སྦྲགས། ལྷ་སའི་ཁྱིམ་ཚང་ཕལ་པའི་ཕྲུ་གུར་ཡང་བྱ་འཕུར་གློད་པའི་བསྐལ་བ་ཐོབ། “བྱ་འཕུར་གློད་སྐབས་ཀྱི་སྤྲོ་སྣང་ཆེ་ཤོས་ནི་རང་ཉིད་ཀྱི་བྱ་འཕུར་དང་གཞན་གྱི་བྱ་འཕུར་འཛིང་ག་རྒྱག་རྒྱུ་དེ་རེད། ཕ་རོལ་པོའི་བྱ་འཕུར་འཛིང་ག་བརྒྱབ་ནས་ཆད་པ་མཐོང་སྐབས། ཁྱེད་ལ་སྤྲོ་སྣང་ཆེན་པོ་ཡོང་གི་རེད། གལ་ཏེ་ཁྱོད་ཀྱིས་བྱ་འཕུར་འཛིང་ག་རྒྱག་མྱོང་མེད་ན། སྤྲོ་སྣང་མྱོང་རོལ་བྱ་ཐབས་བྲལ”ཞེས་ཆུང་དུས་ནས་བྱ་འཕུར་གློད་རྒྱུར་དགའ་བའི་བསྟན་ཆོས་ཀྱིས་བཤད། ཁོང་གིས་ད་བར་དུ་རང་གི་ཁྱིམ་དུའང་བྱ་འཕུར་འདྲ་མིན་སྣ་ཚོགས་ཉར་ཚགས་བྱས་ཡོད།

    434829_yis_1505538586755_s.jpg

    བྱ་འཕུར་བཟོ་བཞིན་པ།

    འབྲས་ལྡན་སྟོན་གྱི་དུས་བཟང་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་ངོས་ནས་བརྗོད་ན། བྱ་འཕུར་གློད་པའི་ནམ་དུས་ཡག་ཤོས་ཤིག་རེད།

    “པཱ་ལགས། གཟིགས་དང་། ངའི་བྱ་འཕུར་མཐོ་པོ་དེ་འདྲ་འཕུར་མི་འདུག་གམ” “ཁྱོད་ཀྱིས་སྐུད་པ་ཏོག་ཙམ་བསྡུས་ན་མ་གཏོགས། བྱ་འཕུར་རྦད་དེ་བརླག་འགྲོ་གི་རེད”ཅེས་ཕ་བུ་གཉིས་སྐད་ཆ་ཤོད་ཀྱིན་མཉམ་དུ་སྐུད་པ་བསྡུས་ནས་བྱ་འཕུར་མིག་གིས་མཐོང་ཐུབ་པའི་སར་འཐེན།

    དེ་མུར་གསར་འགོད་པས་མདུན་དུ་བསྐྱོད་ནས་ཕ་བུ་གཉིས་ལ་བཅར་འདྲི་ཞུས་པ་ཡིན། བྱ་འཕུར་གློད་ཞོར་ང་ཚོ་ཕན་ཚུན་ཅི་འཕྲོས་མོལ་འཕྲོས་བཤད་པས། གྲོང་མི་སྐལ་བཟང་གིས་གཟའ་མཇུག་གི་སྐབས་དང་བསྟུན་ནས་བུ་ཁྲིད་དེ་བོད་ལྗོངས་སློབ་ཆེན་སློབ་ཁུལ་གསར་པའི་གཙང་པོའི་འགྲམ་དུ་བྱ་འཕུར་གློད་པར་ཡོང་བ་དང་། བྱ་འཕུར་ནི་སྐལ་བཟང་གིས་ཉེ་འགྲམ་གྱི་ཁྲོམ་བཀྱག་ནས་ཉོས་པ་ཤེས་རྟོགས་བྱུང་། ཁོང་གི་བྱ་འཕུར་བཟོ་ལྟ་ཧ་ཅང་མཛེས་ལ་བདེ་ལྕག་ཆེས་འཁྱུག་པོ་འདུག

    “ནམ་དུས་འདིར་བྱ་འཕུར་གློད་རྒྱུར་ཧ་ཅང་འཚམས་པོ་ཡོད། གཟིགས་དང་། གྲོང་མི་མང་པོ་ཞིག་མ་གྲོས་གཅིག་མཐུན་ངང་འདི་གར་བྱ་འཕུར་གློད་པར་ཡོང་བས་འཁྲུག་ཆ་དོད་པོ་འདུག ངས་ལོ་ལྟར་ཕྲུ་གུ་ཁྲིད་དེ་ལྷ་སའི་སྐྱིད་ཆུའི་འགྲམ་དུ་བྱ་འཕུར་གློད་པར་ཡོང་གི་ཡོད། དེ་སྔ་ལྷ་ཞབས་གླིང་ཕྲན་གྱི་གཙང་འགྲམ་དུ་གློད་ཀྱི་ཡོད། ད་ལོ་དེ་གར་འཛུགས་སྐྲུན་བྱེད་ཀྱི་ཡོད་པས་ང་ཚོ་འདི་གར་ཡོང་དགོས་བྱུང”ཞེས་སྐལ་བཟང་གིས་བུ་ལ་བྱ་འཕུར་གློད་སྟངས་སློབ་ཀྱིན་གསར་འགོད་པར་འདི་ལྟར་བཤད་བྱུང་།

    “སྐུད་པ་བསྡུས་ཙམ་བྱས་ནས་གློད་དང་། འགྲམ་གྱི་བྱ་འཕུར་དེ་དང་འཛིང་ག་རྒྱོབ”ཅེས་སྐལ་བཟང་གིས་སྐད་ཤུགས་ཆེན་པོས་སྐད་བརྒྱབ་ཅིང་། དེས་ན་ལོ་སུམ་ཅུ་སོ་གྲངས་ལ་སླེབས་པའི་སྐལ་བཟང་སླར་ཡང་བྱིས་དུས་ལ་སླེབས་པ་ལྟར་སྣང་ལ། ཁོང་གི་ཕྲུ་གུའང་ཁོང་གི་གྲོགས་པོ་ལྟ་བུར་གྱུར་འདུག ཕ་བུ་གཉིས་པོས་རང་ཉིད་ཀྱི་བྱ་འཕུར་གྱིས་མི་གཞན་གྱི་བྱ་འཕུར་བཏང་ང་བཏང་བ་(ལྷ་སའི་ཁ་སྐད་དེ། སྐུད་པ་ཆད་པའི་དོན)མཐོང་བས།“ཧ་ཧ། བཏང་ང་བཏང་སོང”ཞེས་དགའ་འབོད་ཡང་ཡང་བྱས།

    434824_yis_1505538581794_s.jpg

    སྐལ་བཟང་གིས་བུའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བར་ལྟ་བཞིན་ང་རང་བྱིས་པའི་དུས་དྲན་ཡོང་གི་འདུག ལྷག་པར་ཏུ་པ་ཕ་དང་དེ་བཞིན་ཆུང་དུས་ཀྱི་རྩེད་རོགས་ཀྱང་དྲན་ཡོང་གི་འདུག་ཅེས་ཤོད་ཀྱི་འདུག

    “ཆུང་དུས་ད་ལྟ་ནང་བཞིན་བྱ་འཕུར་ག་ས་ག་ནས་ཉོ་ས་མེད་པས་སྐབས་དེ་དུས་བྱ་འཕུར་སོ་སོས་བཟོ་དགོས་ཀྱི་ཡོད། ང་དང་གཅེན་པོ་ནོར་རྒྱས་ཀྱིས་རྔན་པ་ཉོ་བའི་དངུལ་རག་ཆེད་སྡེ་ཁུལ་གྱི་ན་མཉམ་གྱི་རོགས་པ་ཆུང་ཆུང་ཚོར་བྱ་འཕུར་འཚོང་གི་ཡོད། ལོ་ལྟར་བྱ་འཕུར་གློད་པའི་དུས་ཚོད་ནི་ང་ཚོར་རྔན་པ་ཉོ་བའི་དངུལ་རག་པའི་དུས་ཚོད་ཡག་ཤོས་དེ་རེད། མ་གཞི་དངུལ་མང་པོ་མེད་ཀྱང་། ང་དང་གཅེན་པོར་དགའ་ཚོར་ཆེན་པོ་ཡོང་གི་ཡོད། པཱ་ལགས་ཀྱིས་ཡང་ང་ཚོས་བྱ་འཕུར་འཚོང་བར་རྒྱབ་སྐྱོར་བྱེད་པ་མ་ཟད། དངུལ་ཡང་སྟེར་ནས་རོགས་རམ་བྱེད་པ་དང་། ད་དུང་ང་ཚོར་བྱ་འཕུར་གྱི་སྨྱུག་མ་སྦྱོར་རོགས་དང་ཚོན་གཏོང་རོགས་བྱེད་ཀྱི་ཡོད་ཅེས་སྐལ་བཟང་གིས་དྲན་གསོ་དང་བཅས་བཤད་བྱུང་།

    ཡང་ཁོང་གིས་སྐབས་དེ་དུས་གཅུང་མོ་སྐར་མ་རྟག་ཏུ་ང་དང་ནོར་རྒྱས་ཀྱི་གཞུག་ཏུ་རྒྱུག་ཡོང་གི་ཡོད། ང་གཉིས་ཀྱིས་མི་གཞན་གྱི་བྱ་འཕུར་བཏང་ང་བཏང་བ་མཐོང་སྐབས་སྐར་མས་རྒྱུག་ཤར་གློད་ནས་བྱ་འཕུར་སྒྲུག་པར་འགྲོ་གི་ཡོད། སྐབས་རེ་གཅུང་མོས་ཞིང་ནང་གི་ལོ་ཏོག་ལ་རྡོག་རྫིས་བཏང་ནས་འགྲོ་ཀྱི་ཡོད་སྟབས། འོང་སྲུང་གིས་དེད་པའི་དབང་གིས་བྱ་འཕུར་དབྱུགས་ནས་བྲོས་འགྲོ་གི་ཡོད་ཅེས་གད་མོ་དགོད་བཞིན་བཤད།

    434823_yis_1505538580748_s.jpg

    སྤྲོ་སྣང་གིས་ཕྱུག་པའི་འདས་དོན་ད་བར་སྐལ་བཟང་གི་སེམས་ལ་ངེས་ནས་བསྡད་འདུག་ལ། ཁོང་གིས་སྤྲོ་སྣང་དེ་རིགས་མུ་མཐུད་དྲན་པའི་ངོས་སུ་གནས་ཐུབ་པའི་རེ་བ་ཡང་བྱེད་བཞིན་མཆིས།

    རང་སྐྱོང་ལྗོངས་རིམ་པའི་ཁག་དང་པོའི་མངོན་མིན་རིག་གནས་ཤུལ་བཞག་དང་རྒྱལ་ཁབ་རིམ་པའི་ཁག་དང་པོའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ལྷ་སའི་བྱ་འཕུར་ནི་གོང་དུ་ཞུས་པ་ལྟར་ལྷ་ས་ཁོ་ནར་མ་གཏོགས་དར་སོ་བྱེད་པ་ཞིག་མིན་པར་ལྷ་ས་དང་། གཞིས་རྩེ། རྩེད་ཐང་སོགས་སུ་དར་སོ་ཆེན་པོ་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་ཀྱིས་རྩོམ་སྒྲིག་བྱས་པའི《བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་རིས》ཞེས་པར་ཞོ་སྟོན་ཚར་རྗེས་གཞི་ནས་ལྷ་སའི་བྱ་འཕུར་གློད་ཀྱི་ཡོད་ཅེས་བཀོད་ཡོད།

    434825_yis_1505538582776_s.jpg

    བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ཇུས་འགོད་ཚན་ཁག་གི་རྒན་བསྟན་ཆོས་ལགས་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཞིག་ཡིན་པ་དང་། བྱ་འཕུར་གློད་རྒྱུར་ཤིན་ཏུ་དགའ་པོ་འདུག ཁོང་གིས་བྱ་འཕུར་གློད་རྒྱུ་ནི་ང་ཚོ་ཆུང་དུས་དགའ་ཤོས་བྱེད་པའི་རྩེད་མོ་ཞིག་རེད། ཆུང་དུས་སུ་ལྷ་ས་གྲོང་ཁྱེར་དུ་ད་ལྟ་ནང་བཞིན་ཁང་པ་མཐོ་པོ་མེད་ལ་གློད་སྐུད་ཀྱང་མང་པོ་མེད། གཙུག་ལག་ཁང་གི་ཐང་ཆེན་དང་བར་སྐོར་གི་ཁང་པའི་ཐོག་ཁ་ནི་ང་ཚོ་གྲོགས་པོ་ཆུང་ཆུང་ཚོའི་བྱ་འཕུར་གློད་ས་ཡག་ཤོས་དེ་རེད། ལོ་ལྟར་བྱ་འཕུར་གློད་པའི་དུས་ཚིགས་ཤར་བའི་སྐབས་སུ་ཞོགས་པའི་ཆུ་ཚོད་10ནས་12བར་དང་། ཕྱི་དྲོའི་ཆུ་ཚོད་3ནས་6པའི་བར་བྱ་འཕུར་གློད་མཁན་མང་པོ་ཡོད། ད་ཆ་མི་རྣམས་ལྷ་ཞབས་གླིང་ཕྲན་གྱི་རྒྱབ་དང་ལྷ་ས་སྐྱིད་ཆུའི་འགྲམ་དུ་བྱ་འཕུར་གློད་པར་ཡོང་གི་ཡོད”ཅེས་བརྗོད་བྱུང་།

    དེ་ཡང་བྱ་འཕུར་གློད་པའི་དུས་ཚིགས་ཡག་ཤོས་ནི་བོད་ཟླ་བརྒྱད་པའི་ནང་ཡིན་པ་རེད། གང་ལགས་ཤེ་ན། བོད་ཟླ་བརྒྱད་པའི་ནང་ལྷགས་ཤུགས་ཆེ་ཆུང་འཚམས་ལ། བརྟན་པོ་ཡོད་པས་ཡིན། ད་དུང་དམངས་ཁྲོད་ཀྱི་ཤོད་རྒྱུན་དུ་བྱ་འཕུར་གློད་པའི་དུས་ཚོད་སྔ་དྲགས་ན། སྟོན་ཁའི་ནམ་གཞུག་སྔ་པོ་ནས་འགྲིལ་འགྲོ་གི་རེད་ཅེས་ཟེར། གང་ལྟར་ལྷ་སའི་བྱ་འཕུར་གློད་པར་གཏན་འབེབས་མང་པོ་ཡོད་པ་སྟེ། དུས་ཚོད་ཐད་ནས་བརྗོད་ན། ལྷ་སའི་ཁུལ་དུ་བྱ་འཕུར་ནི་ཞོ་སྟོན་ཚར་རྗེས་གཞི་ནས་གློད་ཀྱི་ཡོད། དེས་ན། ལོ་ལྟར་སྟོན་དུས་གཞིས་ཀ་རྩེ་ལ་སོགས་པའི་ས་ཆ་ཁག་ནས་ཆེད་མངགས་བྱ་འཕུར་བཟོས་ནས་ཕྱིར་ཚོང་བར་ཡོང་གི་ཡོད། དེ་དག་གི་ཁྲོད་ནས་གཞིས་རྩེའི་ལྷ་དར་དགའ་ཆེན་དང་ལྷ་སའི་ཚེ་རིང་ལ་སོགས་པས་བཟོས་པའི་བྱ་འཕུར་ནི་ལག་རྩལ་རྩེར་སོན་དང་ཁྱད་ཆོས་མངོན་གསལ་དོད་ལ་བོད་ལྗོངས་ཁུལ་དུ་ཤུགས་རྐྱེན་ཆེར་ལྡན་པའི་བྱ་འཕུར་ཞིག་ཡིན།

    434828_yis_1505538586505_s.jpg

    བྱ་འཕུར་བཟོ་བྱེད་ཀྱི་སྤྱིན་སོགས།

    བོད་རིགས་ཀྱི་བྱ་འཕུར་ལ་བཟོ་ལྟ་འདྲ་མིན་སྣ་ཚོགས་མང་པོ་མེད་ཅིང་། ཕལ་ཆེ་བ་དབྱིབས་ངོས་སྙོམས་ཡིན་ཞིང་། དེ་ཡང་བྱ་འཕུར་ནི་རྟག་ཏུ་གཡས་གཡོན་གཉིས་རིང་ལ་སྟེང་འོག་གཉིས་ཐུང་བའི་སྐས་དབྱིབས་ཅན་ཞིག་བཟོ་གི་ཡོད། ཤོག་ངོས་སུ་སྨྱུག་མ་ཕྲ་མོ་དཀྱིལ་སྨྱུག་གཅིག་ཞིག་སྦྱར་ཏེ་སྟེང་འོག་གཉིས་འདྲོངས་པོར་གནས་ཐུབ་པ་བྱེད་པ་དང་། འཕྲེད་དུ་གཞུ་ལྟ་བུའི་སྨྱུག་མ་འགུག་སྨྱུག་ཕྲ་མོ་ཞིག་བཏང་ནས་བྱ་འཕུར་གྱི་གཤོག་པ་གཉིས་རྐྱོང་ཐུབ་པ་བྱེད་ཀྱི་ཡོད། གལ་ཏེ་བྱ་འཕུར་བཟོ་སྐབས་དོ་སྣང་མ་བྱུང་བར་བྱ་འཕུར་གྱི་གཞོགས་གཡས་གཡོན་གཉིས་ལ་ཡང་ལྕི་ཤོར་བ་ཡིན་ན། བྱ་འཕུར་གློད་དུས་གུམ(ལྷ་སའི་ཁ་སྐད་དེ། སྐོར་བ་རྒྱག་པའི་དོན)བརྒྱབ་ནས་བསྡད་པས་མཁའ་དབྱིངས་སུ་མཐོན་པོ་འཕུར་ཐུབ་ཀྱི་མེད།

    མ་གཞི་བོད་ཀྱི་བྱ་འཕུར་བཟོ་སྟངས་སྟབས་བདེ་རུང་། ཚོན་ནམ་རི་མོ་འབྲི་དུས་དང་དོད་ཅུང་ཆེ་ཙམ་བྱེད་ཀྱི་ཡོད། དེས་ན་ཚོན་བཏང་བའམ་རི་མོ་བྲིས་རྗེས། བྱ་འཕུར་ལ་རྒྱའུ་དང་མགོ་དམར་རམ་མགོ་ནག དེ་བཞིན་མིག་ལོག་དང་། མཆེ་བ། པང་གདན་དང་རྐང་གླིང་ཞེས་པ་སོགས་ཀྱི་མིང་འདོགས་ཀྱི་ཡོད། ཡང་བྱ་འཕུར་ལ་བཀྲག་མདངས་ཆེ་བའི་ཚོན་ནམ་རི་མོ་འབྲི་གི་ཡོད་པའི་དབང་གིས་བྱ་འཕུར་གནམ་ལ་གློད་དུས་དེ་བས་མངོན་གསལ་དོད་ལ་རང་རང་གི་མིང་དང་འདྲ་བའི་ཁྲོ་བ་དང་མཛེས་པ་སོགས་ཀྱི་ཉམས་ཤིག་ངང་ངམ་ཤུགས་ཀྱིས་མངོན་བཞིན་ཡོད།

    དུས་རྒྱུན་བྱ་འཕུར་ནི་རླུང་རྟ་འཕེལ་བའི་རྫས་ཁྱད་དུ་འཕགས་པ་ཞིག་ལ་ངོས་བཟུང་ནས་ཁྱིམ་གྱི་གྱང་ལྡེབས་བཀལ་ནས་འཇོག་གི་ཡོད། བྱ་འཕུར་གློད་དུས་རྒན་རྒོན་འགའ་ཤས་ཀྱིས་བྱ་འཕུར་གློད་མཁན་གྱི་ཕྲུ་གུར་བྱ་འཕུར་གྱི་སྐུད་པར་སྤོས་མེ་སྤར་བ་ཞིག་སྒྲོག་འཇུག་གི་ཡོད། བྱ་འཕུར་དགུང་སྔོན་དུ་འཕུར་རྗེས་སྤོས་མེས་སྐུད་པ་ཚིག་ནས་ཆད་དེ་བྱ་འཕུར་དགུང་སྔོན་དབྱིངས་སུ་འཁྱེར་བ་ཡིན་ན། རྒན་རྒོན་ཚོ་དགའ་སྣང་ཆེན་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཁོང་རྣམ་པས་འདི་ནི་རླུང་རྟ་ཡར་འཕེལ་བའི་རྟགས་སུ་འདོད་ཀྱི་ཡོད།

    བྱ་འཕུར་གློད་སྐབས་བྱ་འཕུར་གྱི་འཁོར་ལོ་ནས་སྐུད་པ་གློད་པ་དང་བསྡུ་བ་གཉིས་ལས་མཁའ་དབྱིངས་སུ་འཕུར་བཞིན་པའི་བྱ་འཕུར་ལ་ལམ་སེང་འགྱུར་ལྡོག་འགྲོ་བཞིན་ཡོད། དེ་ཡང་སྐུད་པ་གློད་པའམ་བསྡུ་བ་་དང་བསྟུན་ནས་བྱ་འཕུར་གྱིས་མགོ་ཏོ་ཞུ་བ་དང་ལྡིང་སྐོར་རྒྱག་པ། དེ་བཞིན་ཕྱོགས་གཡས་གཡོན་དུ་གུམ་རྒྱག་པ་སོགས་བྱེད་ཀྱི་ཡོད།

    བྱ་འཕུར་གྱི་ཁྱད་ཆོས་ཆེ་ཤོས་ནི་འཛིང་ག་རྒྱག་པ་དེ་ཡིན་པ་དང་། འཛིང་ག་བརྒྱབ་ནས་རྒྱལ་ཕམ་ཐག་གཅོད་སྐབས་གཙོ་བོ་བྱ་འཕུར་གློད་མཁན་གྱི་ལག་རྩལ་དང་སྐུད་པར་རག་ལུས་ཡོད། དེ་ཡང་སྐུད་པར་ཆ་བཞག་ན། བྱ་འཕུར་གློད་བྱེད་ཀྱི་སྐུད་པར་གནག་ཅེས་པ་ཞིག་གཏོང་སྲོལ་ཡོད། དེ་ནི་དོན་དུ་བྱ་འཕུར་གྱི་སྐུད་པར་ཤེལ་ཧྲུག་སྦྱོར་བ་ལས་བྱུང་བ་ཞིག་ཡིན། དེའང་འགའ་རེས་ཇ་དམ་ཆག་རོའི་ཤེལ་སྒོ་སྦྱོར་གྱི་ཡོད་པ་དང་། ཡང་འགའ་རེས་དཀར་ཡོལ་ཆག་རོའི་ཤེལ་སྒོ་སྦྱོར་གྱི་ཡོད། ཤེལ་སྒོ་གང་ཞིག་སྤྱད་རུང་། དང་ཐོག་སྒོག་ཏིང་ནང་ཞིབ་པར་བརྡུངས་ནས་སེང་རས་ནང་བླུགས་ཏེ་བཙག་དགོས། དེ་རྗེས་འབྲས་དང་མཉམ་དུ་བསྲེས་ནས་སྤྱིན་དང་ཅི་ནི་སོགས་བླུགས་ཏེ་སྐོལ་དགོས། སྐོལ་ཚར་རྗེས་གྲང་མོ་ཆགས་རྗེས་མི་གཅིག་གིས་སྦར་མོའི་ནང་གནག་བླུག་པ་དང་། མི་གཞན་ཞིག་གིས་སྨི་10ཙམ་གྱི་སར་བསྡད་ནས་བྱ་འཕུར་གྱི་འཁོར་ལོར་གནག་བཏང་བའི་སྐུད་པ་བཀྲི་གི་ཡོད།

    དེང་གི་ཆར་བྱ་འཕུར་དང་། བྱ་འཕུར་གྱི་འཁོར་ལོ་སོགས་བྱ་འཕུར་གློད་སར་ཉོ་རྒྱུ་ཡོད་ལ། བྱ་འཕུར་གློད་མཁན་གྱིས་ཀྱང་གློད་ས་རང་ནས་ཉོས་པ་ལས་རང་ཉིད་ཀྱི་ལག་ལ་བརྟེན་ནས་བཟོ་མཁན་ཧ་ཅང་ཉུང་། མ་གཞི་དེ་ལྟར་བྱས་པས་སྟབས་བདེ་མོད། འོན་ཀྱང་བྱ་འཕུར་བཟོ་བའི་ཁྲོད་ཀྱི་སྤྲོ་སྣང་མང་པོ་ཞིག་བརླག་འགྲོ་གི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།