[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • དེང་དུས་ཀྱི་ཉམས་འགྱུར་ལྡན་པའི་ལྷ་མོ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ལི་ཨའོ་དང་འཇིགས་མེད་རྡོ་རྗེ།    |    སྤེལ་དུས།   2018-01-11

    ལོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་བོའི་ལྷ་མོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་དངོས་ཡོད་བརྗོད་གཞི་འཕྲད་སྐབས་རིག་ཀློང་ཇི་ལྟར་རྡོལ་སྲིད་དམ།

    ཟླ་1ཚེས་8ཉིན། གསར་དུ་བརྩམས་པའི་དངོས་ཡོད་བརྗོད་གཞིའི་ལྷ་མོའི་གར་སྟེགས་འཁྲབ་གཞུང《གཟིམ་སྤོས་ལ་བཅངས་པའི་དུང་སེམས》ཞེས་པ་ལྷ་སར་སྐོང་འཁྲབ་བྱས་པ་རེད། འཁྲབ་སྟོན་གྱི་ནང་དོན་ནི་སྤོས་བཟོ་མཁན་གྱི་རྒྱུན་འཛིན་པ་གཉིས་དང་ཁོང་ཚོའི་བུ་ཕྲུག དེ་བཞིན“བོད་སྐྱོད་པ་མི་རབས་གཉིས་པའི”ཤང་ཀྲང་བཅས་ལ་དམིགས་ནས་འཁྲབ་པ་ཞིག་དང་གྲོང་མིས་སྤོས་བཟོས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པའི་གཏམ་རྒྱུད་བཀོད་ཡོད།

    “ངས་སྔར་ནས་བཟུང་སྲོལ་རྒྱུན་ལ་བརྩི་འཇོག་དང་དར་སྤེལ་གཏོང་བའི་རྩ་དོན་མཐའ་འཁྱོངས་བྱེད་པ་མ་ཟད། རྨང་གཞི་དེའི་ཐོག་གསར་གཏོད་འོས་འཚམ་ཡང་བྱས་པ་ཡིན”ཞེས་འཁྲབ་ཁྲིད་པ་བསོད་ནམས་ཆོས་སྒྲོན་གྱིས་བཤད། ཁོང་གིས་ད་ཐེངས་ཀྱི་འཁྲབ་སྟོན་ལ་རེ་སྒུག་ཆེན་པོ་བྱེད་ཅིང་། འདི་ནི་ལྷ་མོ《ཐོ་རན་མདོ》རྗེས་སུ་ངས་ལྷ་མོ་གསར་རྩོམ་བྱེད་པའི་ལམ་བུའི་ཁྲོད་ཀྱི་ཚོད་ལྟ་གཞན་ཞིག་ཡིན་ཞེས་བཤད།

    འཁྲབ་གཞུང་ནང་། གྲོང་ཚོའི་སྤོས་བཟོ་མཁན་གྱི་རྒྱུན་འཛིན་པ་གཉིས་ཀྱིས་སྲོལ་རྒྱུན་གྱི་ལག་རྩལ་གཞན་ལ་སློབ་འདོད་མེད་ཁར་ཕན་ཚུན་གོ་འཛོལ་ཡང་ཐེངས་མང་ཤོར། ཁོང་གཉིས་པོའི་བུ་ཕྲུག་ཆུང་འདྲིས་བྱམས་པ་ཡིན་རུང་། ཕ་མའི་དབར་གྱི་འགལ་ཟླས་འགྲིག་ཐབས་བྲལ། མཐར“བོད་སྐྱོད་པ་མི་རབས་གཉིས་པའི”ཤང་ཀྲང་གི་སྣེ་ཁྲིད་འོག་རྒྱུན་འཛིན་པ་གཉིས་ཀྱི་འགལ་ཟླ་བསལ་ནས་གྲོང་མིར་སྤོས་བཟོ་རྩལ་བསླབས་ཏེ་ཐུན་མོང་ཐོག་དབུལ་སྒྲོལ་ཕྱུག་འགྱུར་གྱི་བདེ་སྐྱིད་ལམ་བུར་བསྐྱོད་རྒྱུའི་བློ་ཐག་བཅད་པ་དང་འབྲེལ། བུ་ཕྲུག་གཉིས་ཀྱང་དགའ་སྟོན་གཉེན་སྒྲིག་ཐུབ་ཡོད།

    བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་འཁྲབ་སྟོན་པ་དང་སྤོས་བཟོ་མཁན་རྒྱུན་འཛིན་པའི་བུ་འཁྲབ་མཁན་བསོད་ནམས་དབང་ཕྱུག་གིས“ང་ཚོའི་ད་ཐེངས་འཁྲབ་སྟོན་གྱི་སྟངས་སྟབས་ཚང་མ་སྲོལ་རྒྱུན་ལྷ་མོར་གཞིགས་པ་མ་ཟད། གཞས་གདངས་ཀྱང་སྲོལ་རྒྱུན་ལྷ་མོ་ལྟར་ཡིན། དེ་ཕྱིར་འཁྲབ་སྟོན་དེས་འཁྲབ་གཞུང་ནང་གི་མི་སྣའི་བརྩེ་སེམས་ཇི་མ་ཇི་བཞིན་མངོན་ཐུབ”ཡོད་ཅེས་བཤད།

    འཁྲབ་སྟོན་པ་ཚོས་སྲོལ་རྒྱུན་གྱི་བོད་ཆས་སྤྲས་པ་དང་། སྤྲོ་སེམས་འཕེལ་བའི་རྔ་དང་འཁར་རྔའི་སྒྲ་དང་གཞས་གདངས་ཀྱི་འགྱུར་ཁུག་སྙན་ཞིང་འཇེབས་ལ་སྐད་གསང་མཐོན་པོ་ཡོད། གར་སྟེགས་ཐོག་གི་ཁོང་ཚོའི་སྟངས་སྟབས་ཚང་མ་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་སྲོལ་རྒྱུན་ལ་གཞིགས་ནས་འཁྲབ་པ་ཞིག་རེད།

    “ལྷ་མོའི་ནང་དངོས་ཡོད་ཀྱི་དབུལ་སྒྲོལ་བརྗོད་གཞི་བསྣན་ཚེ་ཧ་ཅང་དཔེ་གསར་ཞིག་ཆགས་རྒྱུ་རེད། དེར་ང་རང་མོས་མཐུན་ཡོད། གང་ལགས་ཤེ་ན། འདི་ནི་ང་ཚོའི་ཉེ་འགྲམ་གྱི་བྱ་བ་ཞིག་ཡིན་པས་ཡིན”ཞེས་ལྟད་མོ་བ་སྤེན་སྒྲོལ་གྱིས་གསར་འགོད་པར་བཤད།

    འཁྲབ་ཡུན་ཆུ་ཚོད་གཉིས་ཙམ་རིང་། འཁྲབ་ཁྲིད་པ་ཚེ་རིང་ཆོས་སྒྲོན་གྱིས་གར་སྟེགས་འོག་འཁྲབ་སྟོན་ལ་ལྟ་བཞིན“འཁྲབ་སྟོན་པ་ཚོའི་དེ་རིང་གི་འཁྲབ་སྟོན་ལ་ང་རང་བློ་ཡིད་ཚིམ་པོ་བྱུང་། ངའི་བསམ་པར་བརྗོད་གཞི་སྔར་བས་མང་བ་ལྷ་མོའི་ནང་བསྣན་ཚེ་གནའ་བོའི་འཁྲབ་གཞུང་འཕེལ་རྒྱས་འགྲོ་བར་ཕན་པ་ཡོད་ལ། དེ་ཉིད་སྔར་བས་ཁྱབ་སྤེལ་ཡོང་བ་ཡང་ཕན་པ་ཡོད”ཅེས་བཤད།

    470643_yis_1515557814925_b.jpg

    འདི་ནི་ཟླ་1ཚེས་8ཉིན་གསར་དུ་བརྩམས་པའི་དངོས་ཡོད་བརྗོད་གཞིའི་ལྷ་མོའི་གར་སྟེགས་འཁྲབ་གཞུང《གཟིམ་སྤོས་ལ་བཅངས་པའི་དུང་སེམས》ཞེས་པ་སྐོང་འཁྲབ་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།