[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་བོད་ཀྱི་གཞས་མ་གཏམ་གྱི་སྒྱུ་རྩལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-04

    yangnl87252_s.jpg

    ཀྲུང་གོ་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཀྱི་རིག་རྩལ་དང་བླངས་ཞབས་ཞུ་ཚོགས་པས་ལྷ་སའི་གཞི་རིམ་དུ་འཁྲབ་སྟོན་བྱེད་པ།

    ཟླ་6ཚེས་30ཉིན་ནས་ཟླ་7ཚེས་5ཉིན་བར། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་བོད་ལྗོངས་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི་ཀྲུང་གོ་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་བོད་རང་སྐྱོང་ལྗོངས་མི་རིགས་གཞས་མ་གཏམ་གྱི་ལས་དོན་པའི(ལྷ་ས)གསོ་སྦྱོང་འཛིན་གྲྭ་བོད་ལྗོངས་ལྷ་སར་གཉེར་བ་དང་། ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། ནག་ཆུ། ཆབ་མདོ་བཅས་ཀྱི་གཞས་མ་གཏམ་གྱི་ལས་དོན་མི་སྣ་60ཙམ་གསོ་སྦྱོང་ལ་ཞུགས་ཡོད་པ་རེད། 

    ཀྲུང་གོ་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཡན་ལག་ཏང་ཙུའུ་ཡི་ཧྲུའུ་ཅི་ཚོགས་བཞུགས་ཀྲུའུ་ཞི་གཞོན་པ་ཏུང་ཡའོ་ཕུང་གིས་སློབ་འགོ་ཚུགས་པའི་སྐུལ་སློང་སྙན་ཞུ་གནང་ཞིང་། ཁོང་གིས་སློབ་མ་ཚོ་དང་མཉམ་དུ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་རིག་རྩལ་དང་འབྲེལ་བ་ཡོད་པའི་རྣམ་བཤད་གལ་ཆེན་ལ་སླར་ཡང་དྲན་གསོ་གནང་བ་དང་སྦྲགས་དུས་རབས་གསར་པའི་གཞས་མ་གཏམ་སྒྱུ་རྩལ་གསར་རྩོམ་དང་འཁྲབ་སྟོན་སྐོར་གླེང་ཁར་སློབ་མ་ཚོ་དང་མཉམ་དུ་ཚད་གཞི་ལོན་པའི་གཞས་མ་གཏམ་གྱི་ལས་དོན་པ་ཞིག་བྱེད་བྱ་རྒྱུའི་ཐད་གྲོས་བསྡུར་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་རིག་རྩལ་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་དགོས་པ་དང་། ཆབ་སྲིད་ཀྱི་ཆུ་ཚད་དང་། རིག་གནས་ཀྱི་བྱང་ཚད། ཀུན་སྤྱོད་བློ་སྦྱོང་བཅས་མཐོ་རུ་བཏང་ནས་གཞས་མ་གཏམ་གྱི་འཁྲབ་སྟོན་དང་གསར་རྩོམ་བྱ་རྒྱུ་དེ་ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། སློབ་སྦྱོང་གི་གོ་སྐབས་ལ་གཅེས་འཛིན་དང་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་རྒྱུར་གཙིགས་ཆེན་བྱས་ཏེ་སློབ་སྦྱོང་བྱས་ནས་འཚར་ལོངས་ཡོང་བ་དང་སློབ་སྦྱོང་བྱས་ནས་གྲུབ་འབྲས་ཐོབ་པ་བྱེད་དགོས་ཞེས་གསུངས། 

    ད་རེས་གསོ་སྦྱོང་ལ་ཞུགས་པའི་སློབ་མ་མང་ཆེ་བ་ནི་བོད་རིགས་ཡིན་ཞིང་། ལ་ལ་ནི་ཆེད་ལས་རིག་རྩལ་ཁང་དང་ཚོགས་པ་དང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནས་ཡིན་པ་དང་། འགའ་ཞིག་ནི་དཔུང་སྡེའི་རིག་རྩལ་ཚོགས་པ་ནས་ཡིན་པ་དང་། ཁ་ཤས་ནི་བརྙན་འཕྲིན་ལས་ཁུངས་དང་མཐོ་སློབ་ནས་ཡིན་པ་མ་ཟད། ད་དུང་ལས་ཞོར་གྱི་གཞས་མ་གཏམ་ལ་དགའ་མཁན་ཡང་ཡོད་པ་རེད། ཁོང་ཚོས་རྒྱུན་དུ་བོད་སྐད་ཀྱི་དགོད་བྲོའི་གཏམ་གླེང་དང་། འཁྲབ་ཚན་ཐུང་ངུ་། འབྲས་དཀར་སོགས་གསར་རྩོམ་དང་འཁྲབ་སྟོན་བྱེད་ཀྱི་ཡོད། གསོ་སྦྱོང་འཛིན་གྲྭའི་ཐོག་ཀྲེ་ཅང་ཞིང་ཆེན་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧང་ཀྲོའུ་དགོད་བྲོའི་སྒྱུ་རྩལ་ཟློས་གར་ཁང་གི་ཡོན་ཀྲང་ཏུང་ཆི་ཕོང་དང་། གཞས་མ་གཏམ་གྱི་རྩོམ་པ་པོ་ཚུའེ་ཆི། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་ཞི་གཞོན་པ་འཇིགས་མེད་ཕུན་རྒྱལ་བཅས་ཀྱིས་སློབ་མ་ཚོར《རྒྱུན་འཛིན་ནི་འགན་འཁྲི། མངོན་མིན་རིག་གནས་ཤུག་བཞག་གི་རྣམ་གྲངས་དགུ་བརྟན་སྲུང་དང་གསར་གཏོད་ཀྱི་ལམ་བུ》ཞེས་པ་དང་། 《དགོད་བྲོའི་གཏམ་གླེང་གསར་རྩོམ་དང་འཁྲབ་སྟོན》 《ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་རིག་གནས་ཀྱི་གདེང་ཚོད་དེ་བས་བརྟན་དུ་གཏོང་དགོས》ཞེས་པ་སོགས་ཀྱི་སློབ་ཚན་འཁྲིད་པ་རེད། 

    ན་ནིང་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས་ཟབ་གཏོང་གི་ཇུས་གཞི》བཀྲམ་ནས་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས“བསམ་བློ་ཆབ་སྲིད་ལ་ཁྲིད་སྟོན་གྱི་ཕུགས་ཕན་ལམ་སྲོལ་བཙུགས་ནས་རྒྱུན་རྣམ་ཅན་གྱི་རྒྱལ་ཡོངས་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མིའི་གསོ་སྦྱོང་འདུ་འགོད་ལག་བསྟར”བྱེད་དགོས་པ་ཁ་གསལ་སྟོན་ཡོད། ད་ཐེངས་གསོ་སྦྱོང་ནང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས་ཟབ་གཏོང་གི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་སྦྲགས་གཞས་མ་གཏམ་སྒྱུ་རྩལ་གྱི་དམངས་ཁྲོད་རང་བཞིན་དང་། ས་ཁོངས་རང་བཞིན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་གསོ་སྦྱོང་བྱས་པ་རེད། 

    སྨྱུག་འཛིན་པར་ཤེས་རྟོགས་བྱུང་བར། བོད་ལྗོངས་ས་ཁུལ་གྱི་གཞས་གཏམ་གྱི་སྒྱུ་རྩལ་ལ་མི་རིགས་ས་ཁོངས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད་པ་དང་། གླིང་སྒྲུང་དང་། མགུར་གླུ། འབྲས་དཀར། བླ་མ་མ་ཎི། བོད་སྐད་ཀྱི་གཞས་མ་གཏམ་སོགས་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་ཡོད། ཚུའེ་ཆིས་གྲངས་ཉུང་མི་རིགས་ས་ཁུལ་དུ་ཐེངས་མང་ཡོང་ནས་ས་གནས་ཀྱི་གཞས་མ་གཏམ་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ཡོད། ཁོང་གིས་གྲངས་ཉུང་མི་རིགས་ཀྱི་གཞས་མ་གཏམ་ནི་མཆོག་ཏུ་གྱུར་པའི་རིག་གནས་ཀྱི་ཐོན་ཁུངས་ཤིག་ཡིན་པས་རྒྱལ་ཁབ་ཀྱིས་སྲིད་ཇུས་དང་། མི་ཤུགས། དངོས་ཤུགས་བཅས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་གཞས་མ་གཏམ་ལས་དོན་པས་ཀྱང་གྲངས་ཉུང་མི་རིགས་ཀྱི་གཞས་མ་གཏམ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཕྲག་ཐོག་གི་ལས་འགན་དུ་བརྩིས་ནས་ཕུལ་བྱུང་གི་མི་རིགས་རིག་གནས་རྒྱུན་འཛིན་བྱེད་མཁན་ཞིག་བྱེད་དགོས་ཞེས་བཤད། 

    “བོད་ཀྱི་སྲོལ་རྒྱུན་གཞས་མ་གཏམ་ཕུན་སུམ་ཚོགས་པོ་ཡོད། དུས་རབས་གསར་པར་སླེབས་ཚུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་གཞས་མ་གཏམ་རྒྱུན་འཛིན་དང་འཕེལ་རྒྱས་ཕྱིན་ནས་སྟོངས་ལ་ཉེ་བའི་སྒྱུ་རྩལ་དེ་མྱུར་སྐྱོབ་ཐུབ་ཡོད”ཅེས་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བོད་ལྗོངས་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཕུན་ཚོགས་བཀྲ་ཤིས་ཀྱིས་ད་ཐེངས་ཀྱི་གསོ་སྦྱོང་དེ་གྲངས་ཉུང་མི་རིགས་ཀྱི་གཞས་མ་གཏམ་ལས་དོན་པ་ཚོས་རང་རྟོགས་ངང་རང་མི་རིགས་ཀྱི་གཞས་མ་གཏམ་གྱི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད། 

    རིགས་པའི་གཞུང་ལུགས་དང་ལག་ལེན་གལ་ཆེ་མཉམ་དུ་འཛིན་རྒྱུ་དེ་ནི་ད་ཐེངས་གསོ་སྦྱོང་གི་ཁྱད་ཆོས་ཆེན་པོ་ཞིག་རེད། གསོ་སྦྱོང་འཛིན་གྲྭར་ཐེན་ཅིན་གྲོང་ཁྱེར་གཞས་མ་གཏམ་སྒྱུ་རྩལ་ཚོགས་པའི་དགོད་བྲོའི་གཏམ་གླེང་འཁྲབ་སྟོན་པ་ཧྥང་དབྱང་དང་ཁྲེང་ཏུའུ་ཧཱ་ཧཱ་གཞས་མ་གཏམ་ལས་དོན་ཁང་གི་དགོད་བྲོའི་གཏམ་གླེང་འཁྲབ་སྟོན་པ་ཐེན་ཧའེ་ལུང་གདན་དྲངས་ཏེ་ཟུར་ཁྲིད་དགེ་རྒན་བྱས་ནས་བོད་རིགས་སློབ་མ་ཚོར་གསར་རྩོམ་དང་འཁྲབ་སྟོན་ཐད་སློབ་ཁྲིད་བྱས་པ་རེད། རྒྱུན་དུ་དགེ་རྒན་དང་སློབ་མ་མཉམ་དུ་སློབ་སྦྱོང་དང་མཉམ་དུ་འཚོ་བ་བསྐྱལ་ནས་ཕན་ཚུན་དཔྱད་གཞིའི་མེ་ལོང་དུ་འཛིན་ནས་ཕན་ཚུན་སྐུལ་འདེད་དང་། ཐུན་མོང་ཐོག་ཡར་རྒྱས་བཅས་ཡོང་བ་བྱས་ཡོད། 

    ཐེན་ཧའེ་ལུང་གིས“སློབ་མ་དང་སྤེལ་རེས་བྱེད་པའི་བརྒྱུད་རིམ་ནང་ཁོང་ཚོ་མང་ཆེ་བ་ནི། གཞས་མ་གཏམ་ལ་དགའ་ཞེན་ཆེ་བའི་རྐྱེན་གྱིས་གསར་རྩོམ་དང་འཁྲབ་སྟོན་བྱེད་མཁན་ཤ་སྟག་ཡིན་པ་ལས། གཞས་མ་གཏམ་གྱི་ཚིག་དང་། གཟུགས་ཀྱི་ཉམས་འགྱུར། འཁྲབ་རྩལ་སོགས་སྤྱིར་ན་ཞིབ་ཕྲ་སྦྱངས་མྱོང་མི་འདུག ང་ཚོས་སློབ་ཁྲིད་བྱས་པ་བརྒྱུད་སླད་ཕྱིན་ཁོང་ཚོའི་གསར་རྩོམ་དང་འཁྲབ་སྟོན་ལ་ཕན་པ་ཐོབ་རྒྱུའི་རེ་བ་ཡོད། གསོ་སྦྱོང་སྐབས་དགེ་རྒན་དང་སློབ་མའི་དབར་སྐད་འཕྲིན་ཚོགས་པ་བཙུགས་པར་བརྟེན་བརྩམས་ཆོས་དང་འཁྲབ་སྟོན་སོགས་ཀྱི་གནད་དོན་ལ་ཕན་ཚུན་སྤེལ་རེས་བྱ་རྒྱུར་ནུས་པ་མི་དམན་པ་ཞིག་ཐོན་སོང་། ངས་སྐད་འཕྲིན་ཚོགས་པ་དེ་བརྒྱུད་སློབ་མ་ཚོའི་འཁྲབ་སྟོན་ལ་འཕྲད་པའི་དཀའ་ངལ་སེལ་རྒྱུ་ཡིན”ཞེས་བཤད། 

    བོད་ལྗོངས་སློབ་ཆེན་ནས་ཐོན་པའི་སྐབས་དང་པོའི་གློག་བརྙན་འཁྲབ་སྟོན་ཆེད་ལས་ཀྱི་སློབ་མ་གསལ་སྒྲོན་གྱིས“རྒན་ལགས་ཚོས་སེམས་རྩ་འཁོལ་པོས་སློབ་ཁྲིད་གནང་བར་བརྟེན་རང་ཉིད་ལ་སྐྱོན་ཆ་གང་ཡོད་མིན་གསལ་པོ་ཤེས་བྱུང་། ད་ཐེངས་གསོ་སྦྱོང་རིང་སྦྱངས་པའི་ཤེས་བྱ་འཁྲབ་སྟོན་པ་གཞན་ཚོར་བསླབས་ནས་ཚང་མ་ཡར་རྒྱས་ཡོང་བ་བྱ་རྒྱུ་ཡིན་ལ། ཕྱིས་སུ་འཁྲབ་གཞུང་གསར་རྩོམ་ཐད་རྒན་ལགས་ཚོར་བཀའ་འདྲི་དང་སློབ་སྦྱོང་ཞུ་རྩིས་ཡོད”ཅེས་བཤད། 

    ཀུང་ཧན་ལིན་གྱིས་གསར་འགོད་པར“གཞས་མ་གཏམ་གྱི་བསླབ་པ་རྒན་གྲས་ཞིག་གི་ངོས་ནས་བོད་རིགས་སློབ་མ་ཚོར་དུས་སྐབས་གསར་པར་དགོད་བྲོའི་གཏམ་གླེང་ཐུང་གྲས་ལ་ལྡན་པའི་ཉམས་འགྱུར་ཤོད་རྒྱུའི་འགན་འཁྲི་དང་འོས་འགན་ཡོད། སློབ་ཚན་ཡག་པོ་ཞིག་འཁྲིད་ཐུབ་ཆེད། སློབ་ཁྲིད་ཀྱི་ནང་དོན་གྲ་སྒྲིག་ཨང་བསར་བྱས་ཡོད། ངའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་མཐོ་པོ་མེད། རྒྱུན་གཏན་དགོད་བྲོའི་གཏམ་གླེང་ཐུང་གྲས་གསར་རྩོམ་བྱེད་རིང་བསགས་པའི་ཉམས་མྱོང་སློབ་མ་ཚོར་བསླབས་ཏེ་ཁོང་ཚོར་ཕན་པ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད། ཀུང་ཧན་ལིན་གྱིས་རང་ཉིད་ཀྱིས་སློབ་ཁྲིད་བྱས་པ་བརྒྱུད་སློབ་མ་ཚོས་སྒྱུ་རྩལ་ལས་ཀར་གཞོལ་ནས་མི་སེར་གྱི་འཚོ་བ་མཚོན་པ་དང་། འཚོ་བའི་རྣམ་པ་ཟབ་མོ་ལྡན་པ། སྒྱུ་རྩལ་གྱི་རིན་ཐང་ལྡན་པ་བཅས་ཀྱི་དགོད་བྲོའི་གཏམ་གླེང་ཐུང་གྲས་བརྩམ་རྒྱུའི་རེ་བ་ཡོད་ཅེས་བཤད། 

    ད་ཐེངས་ལྷ་ས་དང་ལྷོ་ཁར་སྤེལ་བའི་གསོ་སྦྱོང་བྱེད་སྒོ་ནི་ཀྲུང་གོ་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་སུ་སྤེལ་བའི་གཞས་མ་གཏམ་གྱི་གསོ་སྦྱོང་ཐོག་མ་དེ་ཡིན་ཞིང་། རྒྱལ་ཡོངས་ཀྱི་གཞས་མ་གཏམ་ལས་དོན་པ་གསོ་སྐྱོང་བྱ་རྒྱུ་དེ་ནི་ཀྲུང་གོ་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་གཞས་མ་གཏམ་ལས་རིགས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་ལྟ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་ཤུགས་སྣོན་ཏན་ཏིག་རྒྱག་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་དང་། ཀྲུང་གོ་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཀྱིས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་ཧུར་ཐག་བཏང་སྟེ་རྒྱུན་ཆད་མེད་པར་ལས་རིགས་དོ་དམ་དང་། ལས་རིགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པའི་ཞིབ་ཕྲའི་བྱེད་ཐབས་ཤིག ཀྲུང་གོ་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཀྱིས་གཞས་མ་གཏམ་གྱི་ལས་དོན་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞས་མ་གཏམ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེན་ཞིག་བསྐྲུན་རྒྱུའི་ཞིབ་ཕྲའི་བྱེད་ཐབས་ཤིག་བཅས་རེད། གྲངས་ཉུང་མི་རིགས་ཀྱི་གཞས་མ་གཏམ་གྱི་ལས་དོན་པར་དམིགས་པའི་གསོ་སྦྱོང་དེ་བརྒྱུད་སློབ་མའི་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་དང་གསར་རྩོམ་འཁྲབ་སྟོན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། མི་རིགས་ཀྱི་ཕུལ་བྱུང་གཞས་མ་གཏམ་གྱི་བརྩམས་ཆོས་མང་ཙམ་འདོན་པ། མི་རིགས་ཁག་གི་གཞས་མ་གཏམ་གྱི་ལས་དོན་པར་མཐུན་སྒྲིལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་གཞས་མ་གཏམ་གྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་གསར་པ་གཏོད་རྒྱུ་དེ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཀྱིས་2017ལོ་ནས་2022ལོ་བར་གསོ་སྦྱོང་འཛིན་གྲྭ་ཐེངས་100གཉེར་ནས་རྒྱལ་ཡོངས་ཀྱི་གཞས་མ་གཏམ་གྱི་ལས་དོན་མི་སྣ་ཁྲི་1གསོ་སྦྱོང་བྱ་རྒྱུ་དང་འབྲེལ་ཁོང་ཚོ་འཚར་ལོངས་དང་ཡར་རྒྱས་འགྲོ་ཆེད་དེ་བས་ཡངས་པའི་གར་སྟེགས་མཁོ་འདོན་བྱ་རྒྱུ་རེད།

    yangnl87240_s.jpg

    གསོ་སྦྱོང་འཛིན་གྲྭའི་དགེ་སློབ་ཚོས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་སྟེ་ཁེ་གསུམ་གྲོང་ཚོར་ལྟ་སྐོར་སློབ་སྦྱོང་བྱེད་པ། 

    yangnl87245_s.jpg

     རྔ་རྡུང་རོལ་དབྱངས་འཁྲབ་སྟོན་སྒྱུ་རྩལ་པ་དབྱང་ཧྥེ་ཡིས《འུན་ཤིང་ཀོང་ཇོའི》གཏམ་རྒྱུད་ཤོད་བཞིན་པ། 

    yangnl87235_s.jpg

     སི་ཁྲོན་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཤུས་ཏུང་གིས་སློབ་མ་དང་སྤེལ་རེས་བྱེད་པ།

    yangnl87239_s.jpg

     འཁྲབ་ཚན་ཐུང་ངུའི་འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་ཀུང་ཧན་ལིན་གྱིས《དགོད་བྲོའི་གཏམ་གླེང་གསར་རྩོམ་དང་འཁྲབ་སྟོན》གྱི་སློབ་ཚན་འཁྲིད་བཞིན་པ། 

    yangnl87238_s.jpg

    ཀྲུང་གོ་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་རིག་རྩལ་དང་བླངས་ཞབས་ཞུ་ཚོགས་པས་ལྷོ་ཁར་ལྕགས་ལམ་སྐྲུན་མཁན་ཚོར་འཁྲབ་སྟོན་བྱེད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།