[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • མི་རབས་གསུམ་གྱིས་བསྐྱངས་པའི་ལྷ་མོའི་ཕུགས་འདུན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-01

    570682_yis_1543212539726_b.jpg

    ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

    བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ལྷ་མོ་ནི་དུས་རབས་བཅུ་བཞི་པར་དར་ཞིང་། བོད་ཀྱི་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”ཞེས་འབོད་པའི་ལྷ་མོ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་ཞིག་རེད་ལ། ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་མཆོག་ནོར་ཞིག་ཀྱང་རེད། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་རིག་སློབ་ཚན་རྩ་འཛུགས་ཀྱིས་ལྷ་མོ་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཀོད་པ་རེད།

    ཏང་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་ལྷ་མོའི་ཞིབ་འཇུག་མི་སྣ་དང་ལྷ་མོའི་སྒྱུ་རྩལ་པའི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ལྷ་མོའི་སྒྱུ་རྩལ་ལ་སྲུང་སྐྱོང་ནུས་ལྡན་ཐུབ་མོད། འོན་ཀྱང་དཀའ་གནད་མི་ཉུང་བ་ཞིག་སྔར་བཞིན་འཕྲད་བཞིན་ཡོད། ལྷ་མོའི་ཐུན་མིན་གྱི་འཁྲབ་རྩལ་ནི་མངོན་མིན་རིག་གནས་ཤུལ་བཞག་གི་བླ་སྲོག་ལྟ་བུ་རེད་ལ། རིག་གནས་ཀྱི་མཆོག་ནོར་ཞིག་ཀྱང་རེད། འོན་ཀྱང་ལྷ་མོ་རྒྱུན་འཛིན་མཁན་ཇེ་ཉུང་དུ་འགྲོ་བ་དེ་ལྷ་མོའི་སྒྱུ་རྩལ་སྲུང་སྐྱོང་གི་དཀའ་གནད་ལ་གྱུར་ཡོད།

    དམངས་ཁྲོད་སྒྱུ་རྩལ་ཚོགས་པ་མང་པོའི་ཁྲོད་ནས་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནི་ལྷ་མོའི་འཁྲབ་སྟོན་གྱི་གཞུང་དག་པ་དང“ལྷ་མོའི་འཁྲབ་གཞུང་བརྒྱད”ཆ་ཚང་བ་འཁྲབ་ཐུབ་མཁན་གྱི་ཚོགས་པ་ཞིག་རེད། ཁོང་ཚོས“ལྷ་མོའི་འཁྲབ་གཞུང་བརྒྱད”འོད་སྡེར་བཟོས་མཐར་ལྷ་མོར་དགའ་བའི་གཟིགས་མོ་བ་ཕྱིར་འགྲོ་མི་དགོས་པར་ཁྱིམ་དུ“ལྷ་མོའི་འཁྲབ་གཞུང་བརྒྱད”ལྟ་ཐུབ་པ་བྱུང་ཡོད། འོན་ཀྱང་གྲུབ་འབྲས་དེ་དག་གི་རྒྱབ་ཏུ་མི་རབས་གསུམ་གྱིས་དཀའ་ཚེགས་ཀྱི་རྔུལ་ཆུ་འདུས་ཡོད། ལོ་50ལ་སླེབས་པའི་མིག་དམར་ནི་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་ཡིན་ཞིང་། ཁོང་ཚོའི་མི་རབས་གསུམ་གྱིས་ལྷ་མོ་རྒྱུན་འཛིན་བྱ་རྒྱུ་དེ་ཁྱིམ་ཚང་གི་ལས་འགན་ཞིག་ཏུ་བརྩིས། རྒན་རབས་མང་པོའི་གཞོགས་འདེགས་ལས་་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ལྷ་མོའི་རྒྱུན་འཛིན་པ་11གསོ་སྐྱོང་བྱས། “ང་ལྷ་མོར་ཧ་ཅང་དགའ་པོ་ཡོད། བྱས་ཙང་ངས་པཱ་ལགས་ཀྱི་ཤུལ་བཟུང་བ་ཡིན། ད་ཆ་ངའི་བུའང་སྒྱུ་རྩལ་ཚོགས་པར་ལྷ་མོ་སྦྱོང་གི་ཡོད། ང་ཚོ་ནང་མིའི་རེ་བ་ཆེ་ཤོས་ནི་ལྷ་མོའི་རྒྱུན་འཛིན་དང་འཕེལ་རྒྱས་དེ་བས་ལེགས་པ་བྱ་རྒྱུ་དེ་ཡིན། ད་ཆ་ལྷ་སའི་ཚེ་མཆོག་གླིང་དུ་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་པར་རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ངས་ཀྱང་ལྷ་སའི་བྱང་རྒྱུད་ཀྱི་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་འདི‘ལྷ་མོའི་རྟེན་གཞིར’བསྐྲུན་ནས་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དར་སྤེལ་གཏོང་རྩིས་ཡོད”ཅེས་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་མིག་དམར་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

    ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཐོག་མར་ཉང་བྲན་ཤང་གི་མང་ཚོགས་རང་བཞིན་གྱི་སྒྱུ་རྩལ་ཚོགས་པ་ཞིག་ཡིན་པ་དེ་དུས་རབས་20པའི་ལོ་རབས་70པར་བཙུགས་པ་དང་། ཐོག་མར་མ་དངུལ་གྱི་གནད་དོན་རྐྱེན་པས་སྒྱུ་རྩལ་ཚོགས་པ་ཁ་ཐོར་གྱི་གནས་སུ་གྱར། 1977ལོར་མིག་དམར་གྱི་ཕ་དགེ་སློང(ལྷ་མོར་དགའ་བའི་ས་གཤིས་ལས་དོན་པ་ཞིག་ཡིན)ཚོགས་པ་དེར་ཞུགས་པ་དང་། སྲོལ་རྒྱུན་གྱི་མི་རིགས་སྒྱུ་རྩལ་ལ་དགའ་པོ་ཡོད་པར་བརྟེན། ཁོང་གིས་ལྷ་མོའི་རུ་ཁག་གི་འཁྲབ་སྟོན་པ་ཚོར་ལྷ་མོ་ཚོགས་པ་ཁ་མི་ཐོར་བ་བྱེད་པའི་ཁ་ཏ་བསླབ་བྱ་བྱས་པ་མ་ཟད། རང་གི་གླ་ཆ་ནས་ཚང་མར་བགོ་བཤའ་རྒྱག་གི་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཙུགས་ནས་འཕེལ་རྒྱས་བྱུང་བ་དེ་དག་ཚང་མ་དགེ་སློང་གི་བྱས་རྗེས་ཡིན་ཕྱིར། 1984ལོར་རྒན་ཡོལ་ཞུས་པའི་དགེ་སློང་ཚང་མས་ལྷ་མོའི་རུ་ཁག་གི་སྣེ་ཁྲིད་པར་བདམས། དེ་ནས་བཟུང་ཁོང་དང་ལྷ་མོའི་རུ་ཁག་དབར་ལས་དབང་ཟབ་མོ་འབྲེལ་ཏེ་སེམས་ནུས་ཡོད་རྒུ་ཚོགས་པ་དེར་བཏོན། 1994ལོར་དགེ་སློང་གིས་མ་དངུལ་སྒོར་ཁྲི་18བཏང་ནས་ཉང་བྲན་ཤང་དུ་ལྷ་མོ་ནང་སྦྱོང་བྱ་ཡུལ་ཞིག་བཙུགས་པ་མ་ཟད། ལྷ་མོའི་རུ་ཁག་ལ་འཁྲབ་ཆས་དང་རོལ་ཆའང་ཉོས། 1999ལོར་ལྷ་མོའི་རུ་ཁག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་ལས་ཞོར་སྒྱུ་རྩལ་ཚོགས་པར་མིང་བསྒྱུར་པ་དང་དགེ་སློང་གིས་སྒྱུ་རྩལ་ཚོགས་པའི་ཚོགས་གཙོའི་འགན་འཁུར་རྗེས་སྒྱུ་རྩལ་ཚོགས་པ་དེ་ཉིད“ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ”ཞེས་པར་དངོས་སུ་མིང་བཏགས།

    2000ལོར་དགེ་སློང་གིས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་ཡོང་སྒོ་དང་རང་ཁྱིམ་གྱི་བཅོལ་དངུལ་བསྡོམས་སྒོར་ཁྲི་40ལྷག་ཡོད་པ་ཚང་མ་སྒྱུ་རྩལ་ཚོགས་པར་བཏང་ནས་སྒྱུ་རྩལ་ཚོགས་པའི་སྔར་ཡོད་ཀྱི་ས་ཆར་ཐོག་སོ་གཉིས་ལྡན་གྱི་ཁང་པ་གསར་པ་ཞིག་བརྒྱབ་སྟེ་ཚོང་ཁང་10དང་། བོགས་གཏོང་ཁང་པ་12 ཁང་མིག་5ཡོད་པའི་སྣེ་ལེན་ཁང་ཞིག་བཙུགས། སྒྱུ་རྩལ་ཚོགས་པར་གཞི་ནས་གུ་ཡངས་ཤིང་དཀར་ཆ་དོད་པའི་ནང་སྦྱོང་ཁང་དང་། གཞུང་ལས་ཁང་། ཐབ་ཚང་བཅས་བྱུང་བ་མ་ཟད། ད་དུང་མིག་དམར་གྱིས་རོལ་ཆ་དབྱང་ཆིན་དང་། རྔ། གླིང་བུ་སོགས་ཉོས། སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་སྔོན་མའི་18ནས་ད་ཆའི་53(སྒྱུ་རྩལ་ཚོགས་པ་བཙུགས་པ་ནས་ད་བར་མི་170ལྷག་གི་ལས་ཞུགས་ཐག་གཅོད་བྱས)བར་མང་དུ་སོང་བ་དང་། གཏན་འཇགས་རྒྱུ་ནོར་དང་ཐོག“གང་ཡང་མེད་པ”ནས་ད་ལྟ་སྒོར་ཁྲི་5000བར་ཟིན་ཏེ་འཁྲབ་སྟོན་པར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་6ཟིན་གྱི་ཡོད། “ཆུང་དུས་ཕ་གཅིག་པུའི་གླ་ཆས་ང་ཚོ་རྒན་གཞོན་ཚང་མ་སྐྱོང་དགོས་ལ། ད་དུང་ལྷ་མོ་འཁྲབ་མཁན་ལ་འགྲོ་གྲོན་གཏོང་དགོས་པས་ཁྱིམ་གྱི་འཁོས་ཀ་ཧ་ཅང་ཞན་པོ་ཡོད། ཕའི་ཁུར་པོ་ཡང་དུ་གཏོང་ཆེད་དམའ་རིམ་སློབ་འབྲིང་ཐོན་རྗེས་ངས་འཚོ་བའི་ཆེད་དུ་གང་སར་རྒྱུགས་ནས་ལས་ཀ་མང་པོ་བྱེད་མྱོང་། སྐྱེལ་འདྲེན་ལས་ཀ་བྱེད་མྱོང་ལ་རྐང་འཁོར་བཞོན་ནས་འོ་མ་དང་། ཞོ། ཞོག་ཁོག་བཅས་ཀྱང་བཙོངས་པ་ཡིན། པ་ཕ་མ་གྲོངས་གོང་ངས་པ་ཕར་རོགས་པ་བྱས་ཏེ་ཚོགས་པའི་ལས་དོན་ཁག་ལ་དོ་དམ་བྱས་པ་དང་། ཕ་གྲོངས་རྗེས་ངས་སྒྱུ་རྩལ་ཚོགས་པ་གཉེར་སྐྱོང་བྱས་པ་ཡིན། ད་བར་ང་དང་པ་ཕས་སྲོལ་རྒྱུན་གྱི་མི་རིགས་རིག་གནས་རྒྱུན་འཛིན་བྱ་རྒྱུ་ཨང་དང་པོར་བཞག་ནས་མངོན་མིན་རིག་གནས་ཤུལ་བཞག་སྔར་བས་ལེགས་པའི་ངང་སྲུང་སྐྱོང་བྱ་ཆེད་སྔ་ཕྱི་བར་གསུམ་དུ་འབད་བརྩོན་ལྷོད་མེད་བྱས་ནས་འཁྲབ་སྟོན་ལེ་ཚན་ཡག་ཐོག་ཡག་བརྩེགས་ཡོང་བ་བྱས་ཡོད། ང་ཚོས་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་། རང་སྐྱོང་ལྗོངས་གླུ་གར་ཚོགས་པ། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་སོགས་ཆེད་ལས་ཀྱི་སྒྱུ་རྩལ་ཚོགས་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་མཛུབ་ཁྲིད་དགེ་རྒན་སྒྱུ་རྩལ་ཚོགས་པར་ཆེད་ལས་མཛུབ་ཁྲིད་བྱེད་པར་གདན་དྲངས་པ་མ་ཟད། དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཆེད་ལས་སྒྲིག་གཞིར་ཆེད་ལས་ཀྱི་ཤེས་བྱ་གསོ་སྦྱོང་བྱེད་པར་མངགས་ཏེ་རྨང་གཞིའི་ཕྱག་རྒྱ་དང་སྨྲ་བརྗོད་དག་པོ་ཡོང་བ་ནས་འགོ་བརྩམས་ཏེ་དག་བཅོས་དང་མཛུབ་ཁྲིད་བྱས་པས་འཁྲབ་སྟོན་པ་ཚོའི་འཁྲབ་རྩལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ད་ཡོད་འཁྲབ་སྟོན་པའི་ནང་ལོ་ཆེ་ཤོས་50ལྷག་ཙམ་དང་ཆུང་ཤོས་16ཙམ་ཡིན། འཁྲབ་སྟོན་པ་མང་ཆེ་བ་ཁྱིམ་ཚང་དབུལ་པོའི་ཞིང་འབྲོག་པ་ཤ་སྟག་རེད། སྒྱུ་རྩལ་ཚོགས་པས་མི་འབོར་དབུལ་པོ་དེ་དག་སྒྱུ་རྩལ་ཚོགས་པར་བཅུག་ནས་ཁོང་ཚོར་རང་ཉིད་ཀྱི་རིན་ཐང་མངོན་པའི་ལས་སྟེགས་ཤིག་བསྐྲུན་ཏེ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་གི་ལས་ཞུགས་ལམ་བུ་རྒྱ་ཆེར་གཏོང་བ་དང་ཁྲེང་ཀོན་ཆུས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཆེད་ནུས་པས་ལྕོགས་ཚོད་ཀྱིས་ལེགས་སྐྱེས་འབུལ་བཞིན་ཡོད།

    སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་ལེ་ཚན་གྱིས་རྒན་གཞོན་ཚང་མའི་ཡིད་དབང་འཕྲོག་པ་སྟེ། གནའ་རབས་ཀྱི་ལྷ་མོ་འཁྲབ་དགོས་ལ། དེང་རབས་ཀྱི་གླུ་གར་དང་། “ནང་མ” “སྟོད་གཞས”སོགས་ཀྱང་འཁྲབ་ཀྱི་ཡོད། སྒྱུ་རྩལ་ཚོགས་པར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། སྒྱུ་རྩལ་ཚོགས་པས་ལྷོ་ཁ་གྲོང་ཁྱེར་དང་། སྙེ་མོ་རྫོང་། མལ་གྲོ་གུང་དཀར་རྫོང་། སྟག་རྩེ་ཆུས། སྟོད་ལུང་བདེ་ཆེན་ཆུས་བཅས་སུ་འཁྲབ་སྟོན་བྱེད་མྱོང་ཡོད་པ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ལྷ་མོ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་འགན་འཁུར་ཏེ་སྐྱོར་མོ་ལུང་ལྷ་མོ་རྙིང་འབུད་གསར་འབྱེད་བྱས་པར་བྱ་དགའ་མང་པོ་ཐོབ་མྱོང་ཡོད་པ་དེས་ལྷ་མོའི་ཤུགས་རྐྱེན་ཐེབས་ཤུགས་རྒྱ་ཆེར་སོང་བ་མ་ཟད། ལྷ་མོའི་སྒྱུ་རྩལ་མཁས་ཅན་མང་པོ་ཞིག་སྐྱེད་སྲིང་བྱས་ནས་ལྷ་མོའི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་2003ལོ་ནས་བཟུང“ལྷ་མོའི་འཁྲབ་གཞུང་བརྒྱད”སླར་གསོའི་ལས་ཀ་ཇུས་འགོད་བྱེད་འགོ་ཚུགས་པ་དང་། ལོ་9འབད་འཐབ་ལྷོད་མེད་བྱས་མཐར་སྲོལ་རྒྱུན་གྱི“ལྷ་མོའི་འཁྲབ་གཞུང་བརྒྱད”ཆ་ཚང་བ་འཁྲབ་ཐུབ་པ་བྱུང་ཡོད།

    2008ལོར་སྒྱུ་རྩལ་ཚོགས་པས་སྲོལ་རྒྱུན་གྱི་ལྷ་མོ་འཁྲབ་སྟོན་བྱེད་སྟངས་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག་བློ་སྟོབས་ཆེན་པོས་མཆོང་སྐྱོད་རྣམ་པའི་ཚོད་ལྟ་བྱས་པས། ལྷ་མོ་ཐང་ཆེན་ནས་ཚོགས་ཁང་ནང་འཁྲབ་ཐུབ་པ་བྱུང་ཞིང་། ལྷ་མོའི་འཁྲབ་ཚན་ནང་གི་ལྷ་སྒྲུང་གི་ཆ་ཤས་དག་ཀྱང་ཚན་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་འཁྲབ་ཚན་ཧྲིལ་པོའི་མཐོང་ཚོར་གསོན་ཉམས་དོད་དུ་བཏང་བ་རེད། 2009ལོའི་ཟླ་6ཚེས་24ཉིན་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི《ལྷ་སའི་ནང་མ》རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་པ་རེད། འདི་ལོ་བོད་རང་སྐྱོང་ལྗོངས་དམངས་ཁྲོད་ལྷ་མོའི་རུ་ཁག་ལ“ལྷ་མོའི་ཁྲིད་སྦྱོང་ས་ཚིགས”ཀྱི་མཚན་སྙན་ཐོབ་པ་རེད།

    《པད་མ་འོད་འབར》འཁྲབ་བཞིན་པ།

    ལྷ་མོ《འུན་ཤིང་ཀོང་ཇོ》ཡི་ནང་ཚན《རྒྱ་བོད་དབར་ལ་གསེར་གྱི་ཟམ་པ་བཙུགས》ཞེས་པ་འཁྲབ་བཞིན་པ།

    ལྷ་མོ《འུན་ཤིང་ཀོང་ཇོ》ཞེས་པ་འཁྲབ་བཞིན་པ།

    《སྣང་ས་འོད་འབུམ》འཁྲབ་བཞིན་པ།

    ལྷ་མོ《འུན་ཤིང་ཀོང་ཇོ》ཞེས་པ་འཁྲབ་བཞིན་པ།

    570681_yis_1543212538931_b.jpg

    གཞི་རིམ་ལ་འཁྲབ་སྟོན་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།