[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • གནའ་གྲོང་ས་སྐྱའི་བོད་ཁང་གི་བཟོ་བཀོད་དང་དེའི་རིག་གནས་མཚོན་དོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-15

    592905_yis_1550120747484.jpg

    འདི་ནི་ས་སྐྱ་རྫོང་གི་ཡུལ་ལྗོངས་ཀྱི་ཟུར་ཞིག་ཡིན་པ།

    592903_yis_1550120745893.jpg

    འདི་ནི་ཚོན་མདོག་དཀར་དམར་སྔོ་གསུམ་སྤེལ་མའི་ས་སྐྱའི་མང་ཚོགས་ཀྱི་སྡོད་ཁང་གི་ས་རྩི་བྱུག་སྲོལ་ཡིན་པ།

    593219_yis_1550139140759.jpg

    འདི་ནི་འདི་ལོ་ལོ་78ལ་སླེབས་པའི་ས་སྐྱ་རྫོང་ས་སྐྱ་གྲོང་རྡལ་བསམ་གླིང་གྲོང་ཚོའི་གྲོང་མི་ཉི་སྒྲོལ་གྱིས་གསར་འགོད་པར་ས་སྐྱའི་ཁང་པའི་ས་རྩི་བྱུག་སྲོལ་སྐོར་གླེང་བཞིན་པ།

    592902_yis_1550120744910.jpg

    འདི་ནི་ཚོན་མདོག་གསུམ་ཅན་གྱི་ས་སྐྱའི་མང་ཚོགས་ཀྱི་དེང་རབས་ཀྱི་ཨར་འདམ་ལྕགས་རྩིབས་མའི་སྡོད་ཁང་ཡིན་པ།

    ཨ་གྲོང་ལ་ནས་བལྟས་པས། ། ས་སྐྱ་ཤེལ་ལས་དྭངས་བ། ། ཤེལ་གླིང་བུམ་པའི་ནང་དུ། ། སྤྲུལ་པའི་ལྷ་ཁང་མཚར་བ། ། ལྷ་ཁང་ཆེན་མོའི་ཟུར་བཞི། ། ཟུར་བཞི་མདའ་ལས་འདྲོངས་བ། །ཞེས་པའི་ས་སྐྱའི་དམངས་གཞས་ལྟར་གནའ་གྲོང་ས་སྐྱ་རྫོང་གྲོང་ཁུལ་དུ་ཕེབས་མྱོང་མཁན་ཞིག་ཡིན་ཕྱིན། མིག་ལམ་དུ་ཐོག་མར་འཆར་བ་ནི་ནམ་མཁའི་འཇའ་ལ་ཅོ་འདྲི་བའི་ཚོན་མདོག་གསུམ་ཅན་གྱི་གྲོང་མིའི་སྡོད་ཁང་གི་ས་རྩི་བྱུག་སྲོལ་དེ་ཡིན་ཞིང་། ས་གནས་དེ་གའི་མང་ཚོགས་ཀྱི་སྡོད་ཁང་དང་ལྷ་ཁང་ཁག་ལ་ས་དཀར་དང་། ས་སྔོ་སྐྱ།(སྔོ་ནག)ས་དམར་བཅས་ཚོན་མདོག་གསུམ་ལྡན་གྱི་ས་རྩི་བྱུག་སྲོལ་ཡོད་པ་དེ་ནི་ས་སྐྱ་ཁོ་ནར་ཡོད་པའི་ཁང་པའི་ཚོས་གཞི་གཏོང་ལུགས་ཤིག་ཏུ་གྱུར་ཡོད། གཤམ་ལ་ས་སྐྱ་རྫོང་ཁུལ་གྱི་མང་ཚོགས་ཀྱི་སྡོད་ཁང་གི་གྲུབ་ཆ་དང་། བཟོ་བཀོད་ཀྱི་ཁྱད་ཆོས། སྡོད་ཁང་འཛུགས་སྐྲུན་སྐབས་ཀྱི་འཛེམ་བྱ། ཁང་པའི་ཚོན་མདོག་དང་དེའི་རིག་གནས་ཀྱི་མཚོན་དོན་སོགས་མདོར་ཙམ་གླེང་བར་བྱ།

    1 སྡོད་ཁང་གི་གྲུབ་ཆ་དང་། བཟོ་བཀོད། འཛེམ་བྱ།

    སྤྱིར་སྲོལ་རྒྱུན་གྱི་ས་སྐྱའི་ཁང་པ་འཛུགས་སྐྲུན་བྱེད་སྟངས་དང་དེའི་རྒྱུ་ཆ་ནི་དབུས་གཙང་ཁུལ་གྱི་ས་ཆ་ཕལ་མོ་ཆེ་དང་འདྲ་བར། ཁང་པའི་རྒྱུ་ཆ་ནི་རྡོ་ཆེན་དང་། ཆུ་རྡོ། རྡོ་གཡམ། ཤིང་། ས། ས་དམར། བྱེ་མ། སྦ་དཀར། ཨར་ཀ་སོགས་ཡིན། ཐོག་མར་ཁང་པ་གསར་རྒྱག་བྱེད་སྐབས། ཁང་པ་རྒྱག་ཡུལ་གྱི་ས་དཔྱད་ལེགས་པར་བརྟག་དགོས་ཏེ། དེ་ཡང“སྤྱིར་བཏང་མང་ཚོགས་ཀྱི་སྡོད་ཁང་སྐྲུན་སྐབས་ཀྱང་དོ་སྣང་བྱེད་དགོས་ས་མང་པོ་ཡོད་པ་དཔེར་ན། དང་ཐོག་ཁང་པ་རྒྱག་ཡུལ་འདེམས་སྐབས་ས་དབྱིབས་དང་། རི་དཔྱད། ཆུའི་རྒྱུག་ཕྱོགས། ཤིང་གི་སྐྱེ་སྟངས། ཉི་ཟླ་འཆར་ནུབ་སོགས་ལ་བརྟག་པ་བྱེད་དགོས་ཚུལ་ཡོད་པ་མ་ཟད། ད་དུང་ས་ཡི་ཕུང་སྲི་བརྒྱད་དང་། ས་ཡི་ལྟས་ངན་བརྒྱད། ས་ཡི་སྐེག་ཕྲན་བརྒྱད། ཕུང་བའི་རི་བརྒྱད། གཉེན་དུ་མི་རུང་བའི་སོ་བདུན་སོགས་དབྱེ་སྲོལ་ཡོད་པ་དང་། ནང་གསེས་སུ་ཕྱིའི་ས་དགྲ་སུམ་ཅུ་སོ་བདུན་དང་། ནང་གི་ས་དགྲ་བཅུ་གཅིག ཕྱི་ནང་འབྲེལ་བའི་ས་དགྲ་བཅུ་བདུན་སོགས་དབྱེ་སྲོལ་དང་། དེ་དག་སོ་སོའི་ཟློག་ཐབས་རྒྱས་པར་བསྟན་ཡོད། བོད་ཁང་སྐྲུན་པའི་སྤྱིར་བཏང་གི་ཆོས་ཉིད་ནི་ཁང་པ་ཁ་ལྷོ་ལྟ་བྱེད་སྲོལ་ཡོད་པ་ནི་ས་མཐོ་ཞིང་ཉི་མ་དྲོ་བའི་བོད་ས་མཐོའི་གནམ་གཤིས་དང་མཐུན་པ་མ་ཟད། སྡོད་ཁང་ཁ་བྱང་ལྟ་མི་བྱེད་པའི་ལུགས་དང་མཐུན་པ་ཞིག་རེད། ཁང་པ་འཛུགས་སྐྲུན་མ་བྱས་པའི་གོང་དུ་ཁང་པ་རྒྱག་ཡུལ་གྱི་ས་ཆ་འདེམས་སྟངས་ལ་དང་དོད་ཆེན་པོ་བྱ་དགོས་ཤིང་། གལ་ཏེ་གོང་གསལ་གྱི་ས་དཔྱད་ངན་པ་བྱུང་ཚེ། ཁང་པ་རྒྱག་ཡུལ་གྱི་ས་ཆ་གསར་པ་བདམས་ཏེ་ཕྱི་ནང་གི་ས་དགྲ་ཡོད་པའི་ས་དཔྱད་ངན་པ་ལས་གཡོལ་དགོས་པ་དང་། ཉེ་འཁོར་དུ་དེ་མིན་གྱི་ས་དགྲ་ངན་པ་དཔེར་ན། ཁང་རྒྱབ་ཏུ་ཆུ་མིག་དང་ཤིང་སྡོང་རྐང་གཅིག་འཁེལ་བ་དང་། གཡས་གཡོན་དུ་རི་སྡིག་པ་ར་ཙ་དང་མོ་མཚན་གྱི་དབྱིབས་ལྟ་བུ་ཡོད་ན་རྩིག་པའི་མཐོ་ལྡེབས་སུ་བྱ་ཁྱུང་དང་ཤིང་ངམ་རྡོ་ཡི་ཕོ་མཚན་གྱི་དབྱིབས་བཟོས་ནས་བཟློག་ཐབས་བྱ་དགོས།

    ཁང་པ་རྒྱག་སའི་ས་ཆ་བདམས་རྗེས། ད་གཟོད་ཁང་པ་འཛུགས་སྐྲུན་གྱི་འགོ་བརྩམས་དགོས་ཤིང་། ཁང་པ་འཛུགས་སྐྲུན་བྱེད་སྐབས་ཀྱི་ལས་ཀ་དང་པོ་ནི་རྩིག་རྨང་བྲུ་དགོས་ཤིང་། ཁང་པའི་རྒྱ་ཁྱོན་ལ་གཞིགས་ནས་ས་ཐིག་ལེགས་པར་བཏབ་སྟེ། ས་ཐིག་གཞིར་བཟུང་རྩིག་རྨང་བརྐོ་དགོས་པ་ཡིན། རྩིག་རྨང་ནི་ཁང་པའི་གཙོ་བོ་ཡིན་པས། དེ་བརྟན་པོ་དགོས་ཕྱིར། རྨང་དེ་ངེས་པར་དུ་རྡོ་རྩིག་ཡིན་དགོས། རྩིག་རྨང་གི་རྩིག་ངོས་འཇམ་པོ་དང་མཛེས་ཆ་འདོན་རྒྱུ་གཙོ་བོ་མིན་པར་རྡོ་རྒྱུ་སྲ་ཞིང་རླིང་པོ་དགོས། ཐོག་མར་རྩིག་རྨང་བྲུས་ནས་སེང་རྡོ་ཞེས་རྡོ་ལག་པས་ཐེག་ཙམ་ཞིག་གིས་བཅག་བཅག་བཏང་ནས་རྩིག་རྨང་བརྟན་པོ་ཡོང་བ་བྱེད་པ་དང་། རྩིག་རྨང་དེ་ས་སྟེང་གི་ཡན་དུ་འདོམ་ཕྱེད་ཙམ་བརྩིག་དགོས་པ་དང་། རྩིག་རྨང་ཕུད་ས་ཐོག་གི་རྩིག་པ་དེ་ཐད་ཀར་མིག་གིས་རིག་རྒྱུ་ཡོད་པ་ཞིག་ཡིན་པས། ཕྱི་རྩིག་གི་ངོས་འཇམ་ཞིང་གྲུ་བཞི་དགོས་པ་མ་ཟད། མཛེས་ཆའང་ངེས་ཅན་འདོན་དགོས་པ་ཡིན། རྩིག་རྨང་གི་རྩིག་པ་ཡང་། དམངས་ཁྲོད་ཀྱི་བཤད་རྒྱུན་ལྟར། རྡོ་ཆེན་རྩིག་པ་བརྩིགས་ཡོད། རྡོ་ཆུང་ལྷས་མ་བསླས་ཡོད་ཅེས་པ་ལྟར། རྩིག་རྡོ་ཆེན་པོའི་བར་དུ་ཅབ་ལ་དང་། སྲིབ་ཧྲུག འཇིམ་པ་སོགས་ཚད་དང་མཐུན་པ་བེད་སྤྱོད་བྱས་ནས། རྩིག་རྨང་གི་རྩིག་པ་སྲ་ཞིང་བརྟན་པོ་ཡོང་བར་འགན་ལེན་བྱ་དགོས།

    སྤྱིར་དབུས་གཙང་ཁུལ་གྱི་མང་ཚོགས་ཀྱི་སྡོད་ཁང་ཉིས་ཐོག་གཙོ་བོ་ཡིན་ཞིང་། ཁང་པའི་ཐོག་སོ་དང་པོ་ཕལ་ཆེ་བ་རྡོ་རྩིག་རེད། དེའང་གཙོ་བོ་འོག་ཐོག་རྡོ་རྩིག་ལས་གྲུབ་པ་ཡིན་ན། ཁང་པ་སྲ་ཞིང་བརྟན་པོ་ཡོང་བ་སྨོས་མི་དགོས། ཁང་པའི་ཐོག་སོ་གཉིས་པ་ཕལ་ཆེ་བ་ས་ཕག་ལས་གྲུབ་ཅིང་། གྱང་དང་། སོ་ཕག འཇིམ་སོགས་ཀྱིས་རྩིག་པ་བརྩིགས་ཏེ་འོག་ཏུ་གདུང་མ་འདེགས་བྱེད་ཤིང་གི་ཀ་བ་འཛུགས་པ་དང་། ཀ་བའི་ཐོག་ཏུ་ཀ་མགོ་དང་། གཞུ་ཐུང་། གཞུ་རིང་གཏོང་བ་དང་། དེའི་ཐོག་ད་གཟོད་ཤིང་གི་གདུང་མ་དང་། ལྕམ། དྲལ་མ། དྲལ་རྡོ་སོགས་བཀལ་ནས། ལྕང་མ་རློན་པའི་ལྕུག་ཕྲན་དང་གཞུང་རྟ། རྡོ་གཡམ། འདམ་གྱིས་ཐོག་བཀབ་པ་དང་། ཁང་པའི་ཐོག་ཁ་ཁོད་སྙོམས་ཤིང་ཕལ་ཆེ་བ་དབྱིབས་གྲུ་བཞི་ཡིན་པས། ཁང་ཐོག་ཏུ་ནམ་རྒྱུན་ལ་ཕུག་དང་། ཕྱུར་བ་སོགས་སྐམ་གྱི་ཡོད་ཅིང་། ཁང་ཀླད་ཀྱི་ཆར་ཆུ་མར་འབབ་སའི་ཝ་ཁ་བཟོས་ཏེ་ཝ་མཆུ་སྒར་སྲོལ་ཡོད། སྔོན་ཆད་ཡིན་ན་ཤིང་ཟླུམ་པོའི་ཁོག་བྲུས་ཏེ་ཝ་མཆུ་བཟོ་ཡི་ཡོད་རུང་། དེང་སྐབས་ཤིང་ལས་བཟོས་པའི་ཝ་མཆུ་མཐོང་དཀོན་ཞིང་། ཕལ་ཆེ་བ་ལྕགས་ཤོག་གམ་འགྱིག་གི་རྒྱུ་ཆ་ལས་བཟོས་པའི་ཝ་མཆུས་ཚབ་བྱེད་ཀྱི་ཡོད། ཐོག་སོ་དང་པོ་ནས་ཉིས་ཐོག་ལ་འགྲོ་བར་རྡོ་གྲུ་བཞི་ནར་མོའི་དབྱིབས་ཅན་གྱི་རྡོ་སྐས་འཛུགས་པའམ། ཡང་ན་ཤིང་གྲུ་བཞི་བཤགས་ནས་ཤིང་གི་སྐས་འཛེག་བཟོ་ཡི་ཡོད། ཐོག་བཀབ་རྗེས་བད་རྒྱག་པ་དང་བད་གཡམ་གཏོང་གི་ཡོད་པ་དང་། ཁྱིམ་ཚང་མི་རེ་ངོ་རེས་ཁང་ཀླད་དུ་དར་ལྕོག་འཛུགས་ཀྱི་ཡོད། དུད་ཚང་ལ་ལས་ཁང་པའི་མདུན་ངོས་ཀྱི་ཟུར་གཉིས་སུ་ས་ཕག་གམ་རྡོ་ཆུང་གིས་སྟེགས་བུ་གྲུ་བཞི་ཞིག་བརྩིགས་ཏེ་དེ་ལ་ལྷ་རྟེན་ཞེས་འབོད་པ་དང་། སྟེགས་བུའི་ནང་ཟུར་དུ་དར་ལྕོག་འཛུགས་པ་དང་། འགའ་རེས་ཁང་ཀླད་ཀྱི་ཟུར་བཞི་ཚང་མར་ལྷ་རྟེན་བཙུགས་ནས་དར་ལྕོག་འཛུགས་པ་དང་རྨུ་ཐག་འཐེན་པ་སོགས་བྱེད་ཀྱི་ཡོད། ཁང་པའི་ཕྱི་རྩིག་བརྩེགས་གྲུབ་རྗེས། ཕྱི་རྩིག་གི་ཁྱོན་ལ་ངེས་པར་དུ་ལག་པས་འདམ་བག་གི་ཞལ་བ་གཏོང་དགོས་ཤིང་། ཞལ་བ་བཏང་ཚར་བའི་རྩིག་པའི་ངོས་སུ་ལག་པའི་མཛུབ་རིས་ཤུལ་དུ་གསལ་ལེར་འཆར་གྱི་ཡོད་ལ་ཆར་ཆུ་རྩིག་ལྡེབས་སུ་ཕོག་སྐབས་ཞལ་བའི་མཛུབ་རིས་བརྒྱུད། ཆར་ཆུ་ས་ཐོག་ཏུ་བབས་ཀྱི་ཡོད་པས། རྩིག་པར་སྲུང་སྐྱོབ་ཀྱི་ནུས་པ་ཐོན་གྱི་ཡོད། དེ་མིན་ས་སྐྱ་ཁུལ་ལྟ་བུར་མཚོན་ན། ཁང་པའི་སྒོ་རའི་རྩིག་ཐོག་ཏུ་བཟོ་ལྟ་ཡིད་དུ་འོང་བའི་ལྕི་ཕག་གྲལ་སྟར་བསྒྲིགས་ནས་བརྩིགས་ཏེ་མཛེས་ཆར་བརྩི་བ་དང་། ལྕི་ཕག་གིས་ཁང་པའི་བར་བཅད་བྱས་ན་ཤོད་ཀྱི་ཤིང་ཆར་བཟོད་སྐྱོར་ཆེན་པོ་ཡོང་གི་ཡོད། དེ་མིན་གཞུང་སྒོ་བྱང་དུ་ཁ་གཏད་སྲོལ་མེད་པ་དང་། གཞུང་སྒོ་དང་སྐས་འཛེག་ཐད་ཀར་བྱ་མི་ཉན་ལ། ཁང་པ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་། གྲུ་བཞི་ནར་མོའམ་ཟུར་མང་བཟོ་བ་མ་གཏོགས་གྲུ་བཞི་ཤོ་ལྟ་བུ་མི་བཟོ། དེ་ནི་བཤད་རྒྱུན་དུ། “ཁང་པ་གྲུ་བཞིར་འཁྲུག་པ་རྒྱུན་མི་ཆད”ཅེས་ཟེར་སྲོལ་ཡོད་པས་ཁང་པ་གྲུ་བཞི་རྒྱག་པར་འཛེམ་པ་ཡིན། སྤྱིར་བཏང་དུ་མཛོད་ཁང་དང་། ཆོས་ཁང་། ཚོམས་ཆེན་སོགས་ཁང་མིག་གཙོ་ཆེ་བ་རྣམས་བྱང་ངོས་སུ་བྱེད་པ་དང་། ཐབ་ཚང་ཤར་དུ་བྱེད་པ། གསང་སྤྱོད་ལྷོ་ནུབ་མཚམས་སུ་བྱེད་ཀྱི་ཡོད། དེ་ནི་ཁང་བཤད་དུ། “བྱང་ཕྱོགས་སྣོད་སྦྱིན་ཕྱོགས་མཛོད་བྱ། ཤར་ལྷོ་མེ་ལྷའི་མཚམས་སུ་ཐབ་བཅའ། ལྷོ་ནུབ་དྲི་ཟའི་མཚམས་སུ་གཅོད་བཅའ”ཞེས་ཤོད་སྲོལ་ཡོད་པ་ལྟར་རོ། 

    སྤྱིར་བཏང་དུ་ས་སྐྱ་ཁུལ་ནས་གཙོས་པའི་དབུས་གཙང་ཁུལ་གྱི་མང་ཚོགས་ཀྱི་སྡོད་ཁང་གི་གཞི་རྒྱ་ཆེན་པོ་ཡོད་པ་སྟེ། ཁང་པའི་རྒྱ་ཁྱོན་ཆུང་ཤོས་ལའང་རྨི་ངོས་གྲུ་150འམ་ཡང་ན་200ལས་བརྒལ་བ་ཤ་སྟག་དང་། ཁང་པའི་རྒྱ་ཁྱོན་ཆེ་ཤོས་ལ་རྨི་ངོས་གྲུ་སྟོང་ལས་བརྒལ་གྱི་ཡོད། (དེའི་ནང་དུ་སྡོད་ཁང་གི་སའི་རྒྱ་ཁྱོན་ཚུད་ཡོད་ལ་སྒོ་རའམ་གྱང་རའི་རྒྱ་ཁྱོན་ཡང་ཚུད་ཡོད)དེ་མིན་ཁང་མིག་ལ་ཆ་མཚོན་ནས་བཤད་ཀྱང་། སྡོད་ཁང་ཆུང་ཤོས་ལའང་ཉུང་མཐར་ཁང་མིག་གཉིས་གསུམ་ཙམ་དང་། སྡོད་ཁང་ཆེ་གྲས་ལ་ཁང་མིག་བཅུ་བཞི་བཅོ་ལྔ་ཙམ་ཡོད། སྡོད་ཁང་ཆུང་ཤོས་ཀ་གཅིག་ལྕམ་གང་མ་ཡིན་ཞིང་། སྡོད་ཁང་ཕལ་ཆེ་བ་ཀ་བཞི་གདུང་བརྒྱད་མ་དང་། དེ་མིན་ཀ་དྲུག་གི་ཁང་པའང་མི་ཉུང་བ་ཞིག་ཡོད།

    2 ཁང་པའི་ཚོན་མདོག་དང་དེའི་རིག་གནས་མཚོན་དོན།

    དབུས་གཙང་ཁུལ་གྱི་མང་ཚོགས་ཀྱི་ཁང་པའི་ཕྱི་རྩིག་ལ་ཀ་རག་ཅེས་ཚོན་རྩི་དཀར་པོ་གཏོང་བ་གཙོ་ཆེ་ལ། སྒོས་སུ་དགོན་པ་དང་། ལྷ་ཁང་སོགས་ཀྱི་ཚོས་གཞི་དམར་སེར་རམ་དམར་སྨུག་གཏོང་བ་ཤས་ཆེ་ལ། དགོན་སྡེ་དང་མང་ཚོགས་ཀྱི་སྡོད་ཁང་དབར་གྱི་ས་རྩིའི་ཚོན་མདོག་བྱུག་སྟངས་ཐད་ཁྱད་པར་ཆེན་པོ་ཡོད་ཀྱང་། ས་སྐྱ་རྫོང་གི་ཉེ་འགྲམ་དང་། བཀྲ་ཤིས་སྒང་ཤང་གི་མང་ཚོགས་ཀྱི་སྡོད་ཁང་གི་སའི་ཚོན་རྩི་བྱུག་སྟངས་ནི་ཅུང་ཟད་ཐ་དད་ཡིན་ཏེ། གནས་དེ་གའི་དགོན་སྡེ་དང་མང་ཚོགས་ཀྱི་སྡོད་ཁང་གི་ས་རྩི་གཞི་ཚོན་མདོག་སྔོ་ནག(སྔོ་སྐྱ)ཡིན་པ་གང་ཞིག མཚམས་མཚམས་སུ་དཀར་དམར་གཉིས་གཡས་གཡོན་དུ་ཆ་སྙོམས་པོས་དྲང་པོར་གཏོང་སྲོལ་ཡོད།

    དམངས་ཁྲོད་དུ། ས་དཀར་པོ་ནད་ཀྱི་བར་ཆད་ཞི་བར་བྱེད་པའི་རྟགས། ས་དམར་དེས་ཁམས་གསུམ་དབང་དུ་འདུས་པའི་རྟགས། ས་ནག་པོ་དེས་གེགས་བར་ཆད་ཞི་བར་བྱེད་པའི་རྟགས་སུ་རྩི་བཞིན་ཡོད་པ་དང་། 《གནའ་གྲོང་ས་སྐྱའི་ཡུལ་སྐོར་གནས་ཡིག》ཅེས་པའི་ནང་དུ་ཡང་འགྲེལ་བཤད་གནང་འདུག་པས་དཔྱད་པར་འཚལ།

    གང་ལྟར་ཀྱང་། ཚོན་མདོག་གསུམ་ཅན་གྱི་ས་རྩི་བྱུག་སྲོལ་དེའི་རིག་གནས་མཚོན་དོན་གང་ཡིན་ཡང་། དེ་ནི་གནའ་གྲོང་ས་སྐྱ་ཁོ་ནར་ཡོད་པའི་དམིགས་གསལ་གྱི་ས་རྩི་བྱུག་སྲོལ་ཞིག་ཡིན་ལ། དེ་འདྲའི་ས་རྩི་བྱུག་སྲོལ་ཡང་ཡུལ་དེ་གའི་ཐོན་ཁུངས་དང་འབྲེལ་བ་ཡོད་པ་མ་ཟད། ས་གནས་ཀྱི་རིག་གནས་དང་ཡང་འབྲེལ་བ་དམ་ཟབ་ཡོད་པ་གདོན་མི་ཟ། ས་སྐྱ་རྫོང་ཁུལ་གྱི་ས་རྩི་བྱུག་སྲོལ་དེ་ནི་དབུས་གཙང་ཁུལ་དུ་ད་བར་མཐོང་རྒྱུ་ཡོད་པའི་དགོན་སྡེ་དང་མང་ཚོགས་ཀྱི་སྡོད་ཁང་གི་ས་རྩི་བྱུག་ལུགས་གཞི་གཅིག་ཡིན་པའི་དཔང་རྟགས་ལྟ་བུ་ཡིན་པས། མང་ཚོགས་ཀྱི་སྡོད་ཁང་ལ་དེ་འདྲའི་ས་རྩི་བྱུག་སྲོལ་གྱི་ཡོང་ཁུངས་ཀྱང་ས་སྐྱ་དགོན་པའི་ཤུགས་རྐྱེན་ཐེབས་ཡོད་པ་གསལ་པོར་རྟོགས་ཐུབ། མིག་སྔར། མ་གཞི་དཔལ་འབྱོར་འཕེལ་རྒྱས་སོང་བ་དང་བསྟུན་ནས། མི་རྣམས་ཀྱི་འདུ་ཤེས་ལའང་རིམ་བཞིན་འགྱུར་ལྡོག་བྱུང་སྟེ། ཁང་པ་འཛུགས་སྐྲུན་བྱེད་སྐབས་སྲོལ་རྒྱུན་ལྟར་ས་དཔྱད་བརྟག་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ། ཁང་པའི་རྒྱུ་ཆ་ལ་ཆ་མཚོན་ནས་བཤད་ཀྱང་སྔོན་ཆད་ལྟར་ས་རྡོ་དང་ཤིང་ཆ་ཁོ་ནར་མ་བརྟེན་པར། དེ་ལས་ཐོད་བརྒལ་བྱུང་སྟེ་ཨར་འདམ་ལྕགས་རྩིབས་མ་སོགས་བཀོལ་བ་དང་། ཁང་པའི་ཇུས་འགོད་དང་མཛེས་རྒྱན་སོགས་གང་ས་ཅི་ཐད་ནས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་ནའང་། ས་སྐྱ་གྲོང་རྡལ་གྱི་གསར་དུ་བསྐྲུན་པའི་དེང་རབས་ཀྱི་མང་ཚོགས་སྡོད་ཁང་ཡིན་ནའང་འདྲ། སློབ་གྲྭ་ཡིན་ནའང་འདྲ། དེ་མིན་སྤྱི་པའི་གསང་སྤྱོད་ལའང་སྔར་སྲོལ་མ་ཉམས་པར་སྔར་རྒྱུན་བཞིན་ཚོན་མདོག་དཀར་དམར་སྔོ་གསུམ་སྤེལ་མའི་ས་རྩི་བྱུག་སྲོལ་དེའི་རྒྱུན་སྐྱོང་བཞིན་མཆིས།


    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།