[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • ཡེ་ཤེས་བསྟན་འཛིན།

    ཐོག་མའི་བསམ་འདུན་མ་བརྗེད་ན། མི་འགྲུབ་བྱ་བ་ཅི་ཡང་མེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-13

    596780_yis_1551065268566.jpg

    ཁྲེང་ཀོན་ཆུས་བྱང་འདབས་ཀྱི“ཞོལ་འདོད་དཔལ”སློབ་གྲྭའི་སྤང་ལྗོངས་ཁ་བས་ཡོངས་སུ་བཀླུབས་ནས་ཉེ་འགྲམ་གྱི་རྡོ་བརྐོས་དང་བསིལ་ཁང་ཡོད་དོ་ཅོག་དགུན་དུས་ཀྱི་ཁ་བའི་མཛེས་ལྗོངས་ཡིད་དབང་འཕྲོག་པ་ཞིག་ཏུ་གྲུབ། ཚག་རིག་ལས་དོན་ཁང་ཕུད། སློབ་གྲྭའི་ལས་དོན་ཁང་གཞན་དག་ཚང་མ་ཧ་ཅང་ཁུ་སིམ་ཞིང་། སློབ་མ་རྣམས་རིག་པ་རྩེ་གཅིག་ཏུ་སློབ་སྦྱོང་བྱེད་པའམ་ཡང་ན་སོ་སོའི་ལས་ཀ་བྱེད་བཞིན་མཆིས།

    ལོ་འདི་དག་ནང་སློབ་གྲྭར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་ལ་འགྱུར་ལྡོག་བྱུང་བ་ཕུད། ད་དུང་གསོན་ཤུགས་དང་གསར་གཏོད་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད། འགྱུར་ལྡོག་དེ་དག་གི་སྐོར་གླེང་སྐབས། བོད་ལྗོངས་ཞོལ་འདོད་དཔལ་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་སློབ་གྲྭའི་ད་ལྟའི་ལག་བསྟར་སློབ་སྤྱི་དང་། བོད་ལྗོངས་ཤེས་སྤྱོད་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ། ལྷ་ས་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་ཡེ་ཤེས་བསྟན་འཛིན་གྱི་སྐོར་མ་བརྗོད་ཐབས་མེད་རེད།

    ཡེ་ཤེས་བསྟན་འཛིན་ནི་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ཞིང་པའི་ཁྱིམ་དུ་སྐྱེས་པའི་བུ་ཕྲུག་ཅིག་རེད། པ་ཕས་ཆུང་དུས་ནས་རང་ཉིད་ཀྱི་ཕྲུ་གུས་སློབ་སྦྱོང་ཡག་པོ་བྱས་ནས་རྗེས་སུ་རྒྱལ་ཁབ་ཀྱི་ལས་བྱེད་པར་འགྱུར་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ཡེ་ཤེས་བསྟན་འཛིན་ཆུང་དུས་ནས་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པ་དང་སློབ་ཆུང་ཐོན་རྗེས་ཅང་སུའུ་ཁྲང་ཀྲོའུ་ཡི་བོད་ལྗོངས་ནང་སའི་འཛིན་གྲྭར་ཚུད།

    ཅང་སུའུ་ཁྲང་ཀྲོའུ་དང་རང་གི་ཕ་ཡུལ་དབར་རྒྱང་ཐག་རིང་པོ་ཡོད་ལ། རིག་གནས་ཀྱི་ཁྱད་པར་ཡང་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་དེའི་རིང་ཡེ་ཤེས་བསྟན་འཛིན་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་ལ་ཁོ་པའི་སེམས་ནང་གི་ཕུགས་འདུན་མངོན་འགྱུར་བྱེད་པའི་འདུན་པའང་འཕེལ་ཡོད། ཁོང་གིས་ཕ་ཡུལ་གྱི་སློབ་གྲྭ་དང་ནང་སའི་སློབ་གྲྭ་གཉིས་རྟག་ཏུ་བསྡུར་བ་བྱས་རྐྱེན་བོད་ཀྱི་སློབ་གསོར་འགྱུར་ལྡོག་མང་པོ་གཏོང་དགོས་པ་རྟོགས། སྐབས་དེ་དུས་ཁོང་ལ་འབྱུང་འགྱུར་བོད་ཀྱི་སློབ་གསོའི་ལས་ཀ་ཕྲན་བུ་བྱ་རྒྱུའི་བསམ་བློ་འཁོར། སློབ་གྲྭ་ཆེ་མོར་ཐོ་འགོད་སྐབས། ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་པེ་ཅིང་དགེ་འོས་སློབ་ཆེན་ལ་ཐོ་བཀོད་པ་རེད།

    ནང་སར་དུས་ཚོད་རིང་པོ་བསྡད་རྐྱེན། ཕ་ཡུལ་ཧ་ཅང་དྲན་པ་དང་ལྷག་པར་དུ་བོད་ཀྱི་རིག་གནས་ལ་དོ་སྣང་དེ་བས་ཆེ་རུ་ཕྱིན། ཁོང་གིས་དྲན་སེམས་ཁྲོད་བསམ་གཞིག་བྱེད་པ་དང་བསམ་གཞིག་ཁྲོད་དྲན་སེམས་འཆང་བ་མ་ཟད། མ་སྐུལ་དང་བླངས་ཀྱིས་བོད་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཚང་མར་དོ་ཁུར་བྱེད་པ་དང་དེར་ཞུགས་ཀྱི་ཡོད། ཁོང་གིས་རྟག་ཏུ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་ཉན་པར་བསྐྱོད་དེ་ཞིབ་འཇུག་སློབ་མ་དང་མཉམ་དུ་བོད་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་སྐོར་ལ་སྤེལ་རེས་བྱེད་པ་དང་། ཉིན་ལྟར་དུས་ཚོད་མང་པོ་སྤྱད་ནས་དཔེ་མཛོད་ཁང་དུ་དཔེ་དེབ་ལྟ་ཀློག་བྱེད་ཀྱི་ཡོད་མོད། འོན་ཀྱང་ཀྲུང་གོའི་མཐོ་རིམ་སློབ་གླིང་གི་དཔེ་དེབ་ཁང་རྩེ་གྲའི་གྲས་ཤིག་ཡིན་པའི་པེ་ཅིང་དགེ་འོས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་དེབ་སྣ་ཁ་བརྒྱ་ཕྲག་ཁ་ཤས་ཉར་ཚགས་བྱས་ཡོད་ཀྱང་བོད་ཡིག་གི་དཔེ་དེབ་གཅིག་ཀྱང་མེད་པ་ཤེས། དེས་ན་ཁོང་གིས་སློབ་གྲྭར་བོད་ཡིག་དཔེ་དེབ་ཉོ་རྒྱུའི་གྲོས་འགོ་བཏོན། 2010ལོར་མཚོ་སྔོན་ཡུལ་ཤུལ་དུ་ས་ཡོམ་རྒྱག་སྐབས། ཁོང་གིས་དྲ་རྒྱའི་ཐོག་ནས་མི་རིགས་ཁག་གི་གྲོགས་པོ་དང་འབྲེལ་བ་ཟབ་མོ་བྱས་ཏེ་ཞལ་འདེབས་སློང་བའི་བྱེད་སྒོ་སྤེལ་བ་དང་། པེ་ཅིང་ནས་ཞལ་འདེབས་བསྡོམས་སྒོར་ཁྲི་30ལྷག་ཙམ་སློང་བ་དེ་དག་ཟི་ལིང་ནས་དངོས་ཟོག་ཉོས་ཏེ་ཡུལ་ཤུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་བསྐྱལ་བ་རེད།

    སློབ་ཆེན་འགྲིམ་སྐབས་ནས་བཟུང་། ཡེ་ཤེས་བསྟན་འཛིན་གྱིས་བོད་ཡིག་ཆ་འཕྲིན་ཅན་དང་དྲ་སྦྲེལ་གྱི་འབྲེལ་ཡོད་ལས་དོན་ལ་དོ་ཁུར་བྱེད་འགོ་ཚུགས་ཤིང་། སྐད་གྲགས་ཆེ་བའི་དྲ་སྦྲེལ་+བོད་ཀྱི་རིག་གནས་ཀྱི་སྐད་འཕྲིན་སྤུས་རྟགས“ལུག་ཚང་དཔལ་ཡོན”ཞེས་པ་བཏོད་ཡོད། ལོ་གཉིས་ཀྱི་དུས་ཚོད་སྤྱད་དེ“དུང་དཀར་འཆར་གཞི”བཀོད་ནས་དུང་དཀར་ཚིག་མཛོད་ཆེ་མོ་ཆ་ཚང་ཕབ་འཇུག་ཞུས་དག་བཏང་བ་མ་ཟད། མིག་སྔར་ཆ་ཚང་ཤོས་ཀྱི་བོད་ཡིག་ཚིག་མཛོད་བཟོས་ནས་PCདང་སྒུལ་བདེའི་མཐའ་སྣེ་གཉིས་ཀར་སྤྱོད་ཐུབ་པ་བྱས་ཡོད།

    སློབ་ཆེན་ཐོན་རྗེས། ཡེ་ཤེས་བསྟན་འཛིན་གྱིས་ཡིག་རྒྱུགས་བཏང་སྟེ་ཕ་ཡུལ་ཆུ་ཤུར་རྫོང་གི་སློབ་འབྲིང་དུ་དགེ་རྒན་གྱི་ལས་ལ་གཞོལ་ནས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་ལེགས་སྐྱེས་འབུལ་བའི་ཕུགས་འདུན་གྲུབ་ཡོད། ཁོང་གིས་ཟླ་བ་མི་རེ་ངོ་རེར་རང་ཉིད་ཀྱི་གླ་ཆ་ནས་ཁྱིམ་དུ་སྒོར་ཆིག་སྟོང་ཉིས་སྟོང་ཙམ་བསྐུར་ཏེ་ཕ་མའི་དྲིན་གསོ་གི་ཡོད།

    བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེ་བའི་ཤེས་ཡོན་ཅན་སུང་མིང་གིས“ཞོལ་འདོད་དཔལ”སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་སློབ་གྲྭ་བཙུགས། དམངས་ཁྲོད་ཀྱི་སློབ་གྲྭ་ཞིག་འཛུགས་རྒྱུ་ནི་ལས་སླ་བའི་བྱ་བ་ཞིག་གཏན་ནས་མ་རེད། སློབ་གྲྭ་གཉེར་འགོ་ཚུགས་ཚུན། སུང་མིང་གིས་གཉེར་སྐྱོང་བྱེད་པའི་ཀུང་སིའི་ཡོང་འབབ་ནས་རྟག་ཏུ་སློབ་གྲྭར་ཁ་གསབ་བྱེད་ཀྱི་ཡོད་པས་རྒྱུན་འཁྱོངས་ཙམ་བྱུང་ཡོད། ཁོང་གི་ཐོག་མའི་བསམ་ཚུལ་ནི་སློབ་གྲྭ་ནས་སྲོལ་རྒྱུན་གྱི་ལག་ཤེས་པ་ཁ་ཤས་གསོ་སྐྱོང་བྱ་རྒྱུ་དེ་རེད། འོན་ཀྱང་སྔོན་ལ་ཐག་གཅོད་བྱེད་དགོས་པ་ནི་སློབ་གྲྭ་མུ་མཐུད་གཉེར་སྐྱོང་ཐུབ་མིན་དེ་ཡིན་པས། རང་ཉིད་ཀྱིས་སེམས་ནུས་ཡོད་ཚད་སྤྱད་དེ་བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཡོད་པའི་ཡུལ་དེ་རང་གི་ཤེས་ལྡན་པ་འཚོལ་བའི་ལས་ལ་གཞོལ།

    ཡེ་ཤེས་བསྟན་འཛིན་གྱི་ཕ་བགྲེས་སོང་ཨེ་པོས་དེར་མོས་མཐུན་གཏན་ནས་མ་བྱས་པར། “ཁྱོད་གསུམ་པོ་ངས་དཀའ་བ་ཚད་མེད་སྤྱད་ནས་སློབ་གྲྭར་བཏང་བ་ཡིན། ཁྱོད་རྒྱལ་ཁབ་ཀྱི་དགེ་རྒན་ཞིག་ཡིན་བཞིན་དུ་ལས་ཀ་འདི་བསྐྱུར་ནས་ཐེམ་ཐོ་གྲོང་གསེབ་ཏུ་སྒྱུར་དགོས་དོན་ཅི་ཡིན”ཞེས་དྲིས།

    “ཞིང་པ་ཞིག་བྱེད་དགོས་བྱུང་ནའང་ཁྱེད་ཀྱི་བུས་ཞིང་པ་ཡག་པོ་ཞིག་བྱེད་ཐུབ་ངེས་རེད། པཱ་ལགས་ཁྱེད་ཀྱིས་ང་ལ་ཡིད་ཆེས་གནང་རོགས”ཞེས་ཡེ་ཤེས་བསྟན་འཛིན་གྱིས་སེམས་ཐག་ཆོད་པོས་ལན་དེ་ལྟར་བཏབ། སློབ་ཆེན་འགྲིམ་སྐབས། ཡེ་ཤེས་བསྟན་འཛིན་ལ་བྱ་གཞག་གཏོད་པའི་བསམ་བློ་ཡོད་ནའང་ནང་མིའི་རེ་བ་ལྟར་ཁོང་གིས་དགེ་རྒན་ཞིག་བྱས། “ད་ཆ་དེ་སྔོན་དང་གཏན་ནས་མི་འདྲ་བར་རྒྱལ་ཡོངས་དང་ལྗོངས་ཡོངས་སུ་ལས་གཏོད་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད་ལ། སྲིད་ཇུས་ཀྱང་ཧ་ཅང་ཡག་པོ་ཡོད་པས་གཞོན་ནུ་མང་པོ་ཞིག་གི་ཕུགས་བསམ་དོན་གཉེར་གྱི་འདུན་པ་སྔར་བས་འཕེལ་ཡོད”ཅེས་བཤད།

    སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་མཐུད་ས་དང་རྒྱུན་འཛིན་བྱེད་ས་ཞིག་ཡིན། དུས་རབས་བཅུ་བདུན་པ་ནས་བཟུང་། “ཞོལ་འདོད་དཔལ”ནི་བོད་ཀྱི་ལག་ཤེས་ཆུ་ཚད་མཐོ་ཤོས་ཀྱི་མཚོན་བྱེད་ཡིན་ལ། བོད་ཀྱི་ལག་ཤེས་སྒྱུ་རྩལ་གྱི་གྲགས་ཅན་སྤུས་རྟགས་ཤིག་ཀྱང་རེད། ད་ཆ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ“ཞོལ་འདོད་དཔལ་གྱིས་བཟོས”ཞེས་འཁོད་པའི་ལག་ཤེས་སྒྱུ་རྩལ་བརྩམས་ཆོས་མཐོང་རྒྱུ་ཡོད་པ་དེ་དག་ལས་སྔར་བཞིན་མི་ཚོར་འོད་སྟོང་འཕྲོ་བའི་སྐབས་དེའི་ལག་ཤེས་སྒྱུ་རྩལ་གྱི་ལོ་རྒྱུས་བརྗོད་བཞིན་ཡོད།

    “ཞོལ་འདོད་དཔལ”གསར་པར་དུས་རབས་གསར་པའི་ཁྲོད་དེང་རབས་ཀྱི་འདུ་ཤེས་དང་ཇུས་འགོད་བསམ་གཞི་ལྡན་པའི་མི་གསར་ཡོད་པས། “ཞོལ་འདོད་དཔལ”ནས་འོད་སྣང་གསར་པ་དེ་བས་མང་བ་དང་གསོན་ཤུགས་གསར་པ་དེ་བས་མང་བ་མངོན་ཡོད། འོན་ཀྱང“གསར་པ”དེར་བོད་ཀྱི་རིག་གནས་རྒྱུན་འཛིན་དང་། དྲིལ་བསྒྲགས། འཕེལ་རྒྱས་བཅས་གཏོང་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་ནས་བོད་ཀྱི་རིག་གནས་དང་འཛམ་གླིང་གི་ཤེས་དཔལ་ཕན་ཚུན་སྤེལ་རེས་དང་བརྒྱུད་སྤེལ་ཐུབ་ནས“ཞོལ་འདོད་དཔལ”གྱི་ལག་ཤེས་སྒྱུ་རྩལ་དེང་རབས་སུ་སླར་གསོ་ཐུབ་རྒྱུ་མ་ཟད། ད་དུང་ལག་ཤེས་སྒྱུ་རྩལ་པར་ཕན་བདེ་ཡང་བསྐྲུན་ཐུབ་རྒྱུ་རེད་ཅེས་འབྱུང་འགྱུར་གྱི་འཕེལ་རྒྱས་སྐོར་གླེང་སྐབས་ཡེ་ཤེས་བསྟན་འཛིན་གྱིས་སེམས་ཤུགས་ཆེན་པོས་བཤད།

    ཤེས་སྤྱོད་བོད་རིག་གནས་ཀུང་སི་ཉིད“ཞོལ་འདོད་དཔལ”གྱི་རྒྱུད་པ་འདྲེན་མཁན་ཞིག་གི་ངོས་ནས“ཞོལ་འདོད་དཔལ”དེ་ཚོང་རྟགས་ཤིག་ཏུ་ཐོ་བཀོད་པ་དང་། 2017ལོར་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་ལ་བདམས་པ་རེད། ད་ཆ་ན་གཞོན་ཡེ་ཤེས་བསྟན་འཛིན་གྱིས་བོད་ཀྱི“ཞོལ་འདོད་དཔལ”གྱི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་སློབ་གྲྭའི་ལག་བསྟར་སློབ་སྤྱི་དང་ཤེས་སྤྱོད་བོད་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པའི་ལས་འགན་ལྕི་པོ་འཁུར་བཞིན་ཡོད་པས་བོད་ཀྱི་སློབ་གསོ་རིག་གནས་ཁྱབ་ཁོངས་སུ་ཞོགས་པའི་ཉི་གཞོན་ལྟ་བུའི་ལས་གཏོད་སྤྱན་སྦིར་ཞིག་ཏུ་གྱུར་ཡོད།

    “རང་ཉིད་ཀྱི་སྟོབས་ཤུགས་དང་། དམངས་ཁྲོད་ཀྱི་སྟོབས་ཤུགས། སྤྱི་ཚོཌ་ཀྱི་སྟོབས་ཤུགས་བཅས་ལ་བརྟེན་དགོས་ལ། ད་དུང་སྲིད་གཞུང་གི་སྟོབས་ཤུགས་ལའང་བརྟེན་དགོས། ལོ་ལྔ་ནས་བཅུའི་བར་ཚད་ལྡན་གྱི་འབྲིང་རིམ་དང་ཐ་ན་མཐོ་རིམ་གྱི་དམངས་གཉེར་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་གཉེར་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག སློབ་གསོ་རིག་གནས་ཐད་རྒྱལ་ཕན་དམངས་ཕན་གྱི་བྱ་བ་ཞིག་སྒྲུབ་ཀྱི་ཡིན”ཞེས་འབྱུང་འགྱུར་གྱི་འཆར་འགོད་ཐད་ཡེ་ཤེས་བསྟན་འཛིན་གྱི་དམིགས་ཚད་ཧ་ཅང་ཁ་གསལ་རེད་འདུག ཁོང་གིས“མིག་སྔར། འབད་བརྩོན་ཆེན་པོ་བྱེད་དགོས་པ་ནི་སློབ་གྲྭ་རྒྱུན་ལྡན་ངང་འཁོར་རྒྱུག་ཡག་པོ་ཐུབ་པ་དང་། ཆེད་ལས་དེ་བས་གོ་རིམ་ལྡན་པར་འགྱུར་བ། སློབ་ཁྲིད་དེ་བས་སྤུས་ཚད་ལེགས་པར་འགྱུར་བ་བཅས་བྱས་ཏེ་ལག་ཤེས་སྒྱུ་རྩལ་པ་གསོ་སྐྱོང་བྱེད་ཞོར་དུ་ལས་ཞུགས་ཐག་གཅོད་ཐུབ་པ་དང་ཆབས་ཅིག ཁེ་ལས་དོ་དམ་དང་གཉེར་སྐྱོང་བྱེད་སྟངས་སྔར་བས་སློབ་སྦྱོང་བྱས་ཏེ་རང་ཉིད་ཕྱོགས་བསྡུས་རྣམ་པ་དང་དོ་དམ་རྣམ་པའི་ཤེས་ལྡན་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་ཡིན”ཞེས་བཤད་པ་རེད།

    596778_yis_1551065265446.jpg

    ཡེ་ཤེས་བསྟན་འཛིན(གཡོན་གྱི་གཉིས་པ)དང་སློབ་མ་ཁག་གཅིག་ཞོལ་འདོད་དཔལ་གྱི་རྒྱུན་འཛིན་པ་བགྲེས་སོང་རིག་འཛིན(གཡོན་གྱི་གསུམ་པ)དང་མཉམ་དུ་བརྒྱབ་པའི་པར།

    596775_yis_1551065259736.jpg

    ཡུལ་སྐོར་བས་ཞོལ་འདོད་དཔལ་གྱི་འཇིམ་སྐུ་བཞེངས་ཁང་དུ་ལྟ་སྐོར་བྱེད་པ།

    596774_yis_1551065258129.jpg

    ཞོལ་འདོད་དཔལ་ཐང་ག་བཞེངས་ཁང་དུ་དགེ་ཕྲུག་ཚོས་ཐང་ག་བཞེངས་བཞིན་པ།

    596777_yis_1551065262404.jpg

    ཞོལ་འདོད་དཔལ་ལྕགས་རིགས་རྡུང་ཁང་དུ་ལས་དོན་པས་ལྕགས་རྡུང་བཞིན་པ།

    596779_yis_1551065267021.jpg

    ཡུལ་སྐོར་བས་ཞོལ་འདོད་དཔལ་རིག་གནས་ཉམས་ལེན་ཁང་དུ་ལྟ་སྐོར་བྱས་རྗེས་བཞག་པའི་མཉམ་པར།

    596776_yis_1551065260984.jpg

    ཞོལ་འདོད་དཔལ་ཤིང་བརྐོས་ཁང་དུ་ལས་དོན་པས་ཤིང་རྐོས་རྒྱག་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།