[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • བོད་ཆས་ཀྱི་འཕོ་འགྱུར། དུས་རབས་ཀྱི་ཉམས་བཟང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-25

    ནང་དོན་གཙོ་བོ། 

    བོད་རིགས་ཀྱི་རྒྱན་གོས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེའང་ཐུལ་ཆེ་བ་དང་། ཕུ་ཐུང་རིང་བ། ཐུ་བ་ཆེ་བ་བཅས་ནི་བོད་ཆས་ཀྱི་དམིགས་བསལ་འཚེམ་སྲོལ་ཞིག་རེད། བོད་རིགས་ཀྱི་རྒྱན་གོས་ཀྱི་ཚོས་གཞིར་ཁྱད་པར་ཤུགས་ཆེན་པོ་ཡོད་པ་དཔེར་ན། དམར་པོ་དང་ལྗང་ཁུ། དཀར་པོ་དང་ནག་པོ། སེར་པོ་དང་མུ་མེན་ལྟ་བུ་ཡིན་པ་མ་ཟད། ཚོས་གཞི་སྤེལ་མ་དང་གསེར་སྐུད་དངུལ་སྐུད་འཐེན་ནས་རྒྱན་གོས་ཀྱི་ཚོས་གཞི་མངོན་གསལ་དོད་ལ་ཕན་ཚུན་འཚམ་པོ་ཡོད། རང་བྱུང་ཆ་རྐྱེན་དང་། ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མི་འདྲ་བའི་དབང་གིས་ས་ཁུལ་འགའ་ཞིག་ཏུ་རྫོང་དང་རྫོང་དབར་དང་། ཤང་དང་ཤང་དབར་ལ་ཡང་རྒྱན་གོས་ཀྱི་ཁྱད་པར་ཆེན་པོ་ཡོད་ལ། རྒྱན་གོས་གྱོན་སྟངས་དང་འདོགས་སྟངས་ཀྱང་མི་འདྲ་བ་ཡོད། ས་གནས་ཁག་གི་རྒྱན་གོས་ཚང་མར་མངོན་གསལ་དོད་པའི་རྒྱན་གོས་ཀྱི་ས་ཁོངས་རང་བཞིན་ལྡན་པ་མ་ཟད། ཐུན་མོང་ཐོག་རྣམ་པ་སྣ་ཚོགས་པའི་བོད་ཀྱི་རྒྱན་གོས་སྒྱུ་རྩལ་གྲུབ་ཡོད། མིག་སྔར། བོད་ནས་ཤེས་རྟོགས་བྱུང་བའི་རྒྱན་གོས་རིགས་200ལྷག་ཡོད་པས་ཀྲུང་གོའི་གྲངས་ཉུང་མི་རིགས་རྒྱན་གོས་ཀྱི་ཨང་དང་པོར་སླེབས་ཡོད།

    623323_yis_1558066919957_s.jpg

    གྲངས་ཉུང་མི་རིགས་ཀྱི་རྒྱན་གོས་སྒྱུ་རྩལ་རིག་གནས་ནི་སྔ་ཕྱི་བར་གསུམ་དུ་རང་རྒྱལ་གྱི་གྲངས་ཉུང་མི་རིགས་རིག་གནས་ཁྲོད་མེད་ན་མི་འགྲིག་པའི་ཆ་ཤས་ཤིག་རེད། འཛམ་གླིང་མི་རིགས་གང་རུང་ཞིག་གི་རྒྱན་གོས་ལ་བོད་རིགས་ཀྱི་རྒྱན་གོས་ལྟ་བུའི་སྣ་མང་ཕུན་སུམ་ཚོགས་པོ་དེ་འདྲ་མེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་བོད་མི་རིགས་ཀྱི་འཚོ་སྡོད་ཁོར་ཡུག་གི་ས་ཁོངས་རྒྱ་ཆེ་བ་དང་། གནམ་གཤིས་དང་ཁོར་ཡུག་མི་འདྲ་བ། ཐོན་སྐྱེད་རྒྱུ་ཆ་སྣ་ཁ་མང་བ། སྤྱི་ཚོགས་ལས་རིགས་མང་བ། རྒྱན་གོས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱིས། སྣ་མང་ཕུན་སུམ་ཚོགས་པའི་བོད་རིགས་ཀྱི་རྒྱན་གོས་གྲུབ་པ་རེད།

    (专刊卢有均)图为今年雅砻文化节上山南市群众演员在表演原生态舞_s.jpg

    ལོ་རྒྱུས་ཐོག་འཁོད་པར་གཞིགས་ན། ཁ་རུབ་ཏུ་འཚོ་བའི་བོད་རིགས་མེས་པོ་ཚོས་རུས་ཁབ་སྤྱད་དེ་བཙེམས་པའི་རི་དྭགས་ཀྱི་པགས་པའི་གྱོན་པ་གྱོན་གྱི་ཡོད་ལ། དུས་སྐབས་དེའི་མི་ཚོས་ཀྱང་འཁལ་ཐག་དང་ལག་ཤེས་བསླས་འཐག་སྒྱུ་རྩལ་ལ་རྒྱུས་མངའ་ལོན་འགོ་ཚུགས་ཡོད། བོད་རིགས་མེས་པོ་ཚོས་རི་དྭགས་ཀྱི་པགས་པའི་གྱོན་ཆས་གྱོན་པ་དང་དུས་མཚུངས་ལག་ཤེས་ལ་བརྟེན་ནས་གྱོན་པ་སླ་གི་ཡོད།

    623321_yis_1558066919614_s.jpg

    བཙན་པོའི་རྒྱལ་རབས་སུ། བོད་ལྗོངས་ས་མཐོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་སྔར་ན་བྱུང་མྱོང་མེད་པའི་དར་རྒྱས་བྱུང་ཞིང་། བཙན་པོའི་དུས་སྐབས་ཀྱི་དར་རྒྱས་དང་མངའ་ཐང་རྒྱས་ལུགས་དེ་ནི་ཞིང་འབྲོག་ལས་དང་དཔལ་འབྱོར་འཕེལ་རྒྱས་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་དང་། སྐབས་དེ་དུས་མི་རྣམས་ཀྱིས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཕྱུགས་རིགས་ལ་གཙིགས་ཆེན་པོ་བྱས་ཏེ་དེ་དག་གི་ཤ་ཟ་བ་མ་ཟད་པགས་པས་གྱོན་པ་བཟོ་གི་ཡོད།

    623322_yis_1558066919785_s.jpg

    གྲལ་རིམ་སྤྱི་ཚོགས་ལ་སླེབས་རྗེས་རྒྱན་གོས་ལའང་སྤྱི་ཚོགས་ཀྱི་གོ་དོན་མི་འདྲ་བ་ལྡན་པར་གྱུར། བཙན་པོའི་དུས་སྐབས་སུ། ཐུ་བོད་དང་ཐང་རྒྱལ་རབས་དབར་དང་། ཨེ་ཤེ་ཡའི་ནུབ་རྒྱུད་དང་ཨེ་ཤེ་ཡའི་དབུས་རྒྱུད་སྐམ་སའི་དབར་འགྲོ་འོང་མང་པོ་བྱེད་ཅིང་། འཁལ་འཐག་ཐོན་རྫས་འབོར་ཆེན་ཞིག་ཐུ་བོད་དུ་ནང་འདྲེན་བྱས་པ་དང་། རྒྱལ་རྒྱུད་སྐུ་དྲག་དང་འབྱོར་ཕྱུག་གྲལ་རིམ་གྱིས་པགས་ཚགས་ཀྱིས་ནང་ཤ་དང་དར་གོས་ཀྱིས་ཕྱི་ཤ་བྱས་པའི་ལྭ་བ་གྱོན་གྱི་ཡོད། ལྭ་བ་འདི་རིགས་རྫིག་ཉམས་དོད་ལ་དྲོ་པོ་ཡོད་མོད། ཡིན་ནའང་མི་ཚང་མས་ལོངས་སུ་སྤྱོད་པ་མ་ཡིན་པར། མི་སེར་ཕལ་པས་དགུན་དུས་སུ་གྱོན་པ་སྔར་བཞིན་སློག་པ་རེད།

    623325_yis_1558066920425_s.jpg

    བོད་བཙན་པོའི་རྒྱལ་རབས་མཇུག་འགྲིལ་བ་ནས་དུས་རབས་13པའི་གོང་དུ་མཚོ་བོད་ས་མཐོའི་ཆབ་སྲིད་ཐད་དུས་ཡུན་རིང་པོ་སིལ་བུའི་གནས་སུ་གྱར་ཡོད་མོད། འོན་ཀྱང་རིག་གནས་ཐད་སྤྱི་ཡོངས་རང་བཞིན་དང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཡོད། བོད་སིལ་བུའི་དུས་སྐབས་སུ་བོད་ཀྱི་དམག་ཆས་སྤྱིར་བཏང་གི་འཚོ་བའི་གྱོན་ཆས་ལ་འགྱུར་ལྡོག་བྱུང་ཡོད་ལ། རྒྱལ་རྒྱུད་སྐུ་དྲག་གི་གྱོན་གོས་ཀྱང་སྤྱི་དམངས་ཅན་གྱི་གྱོན་གོས་སུ་འགྱུར་ལྡོག་བྱུང་བའི་རྣམ་པ་ཐོན་ཡོད།

    yangnl8863 (2)_s.jpg

    དུས་རབས་13པ་ནས་བཟུང་། མཚོ་བོད་ས་མཐོའི་ཁུལ་དང་ཀྲུང་ཡོན་ས་ཁུལ་དབར་འབྲེལ་བ་དེ་བས་དམ་ཟབ་བྱུང་ཡོད་པ་དེ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཀྱི་ཐད་ནས་གང་ལེགས་མངོན་ཡོད་པ་དང་། ཅུང་མངོན་གསལ་དོད་པ་ཞིག་ནི་དུས་སྐབས་དེའི་རིང་བོད་ཆས་དང་ཡོན་རྒྱལ་རབས་ཀྱི་གྱོན་གོས་འདྲ་པོ་ཡོད།

    623326_yis_1558066920581_s.jpg

    ཆིང་རྒྱལ་རབས་དང་བཀའ་ཤག་སྲིད་གཞུང་གི་དུས་སྐབས་སུ། ཀྲུང་གོའི་སྤྱི་ཚོགས་ཀྱི་རིམ་པར་འགྱུར་ལྡོག་གཏིང་ཟབ་ཕྱིན་མོད། འོན་ཀྱང་གྱོན་གོས་ལ་སྤྱིར་ན་སྔར་ལྟར་རྒྱུན་འཁྱོངས་ཐུབ་ནས་རིམ་པའི་ཁྱད་ཆོས་མངོན་གསལ་དོད་པ་དང་། མིའི་སྤྱི་ཚོགས་ཀྱི་གནས་བབ་དཔྱད་གཞིར་བྱས་ནས་དཔོན་རིགས་ཀྱི་གྱོན་གོས་དང་། སྐུ་དྲག་གི་གྱོན་གོས། དམག་མིའི་གྱོན་ཆས། འབངས་ཀྱི་གྱོན་ཆས། གྲྭ་ཆས་བཅས་རིགས་ཆེན་པོ་ལྔ་ཡོད།

    623324_yis_1558066920269_s.jpg

    ཁང་ཤིས་སྲིད་ལོ་དྲུག་ཅུ་པར་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་སུ་བཀའ་བློན་ལམ་ལུགས་ལག་ལེན་བསྟར་བ་དང་མཚན་གནས་བསྩལ་ཡོད། མཚན་གནས་མི་འདྲ་བར་གཞིགས་ནས་ཞྭ་ཏོག་དང་། གྱོན་གོས་ཀྱི་ཚོས་གཞི། བཞུགས་གདན། གསོལ་སྟོན་སྐབས་ཀྱི་བཞུགས་གྲལ་སོགས་ལ་ཚང་མར་ལམ་ལུགས་ཁ་གསལ་བཟོས་ཡོད། བོད་ས་གནས་སྲིད་གཞུང་ལའང་དུས་ཚིགས་ལ་གཞིགས་ནས་གཅིག་གྱུར་གྱོན་ཆས་བརྗེ་བའི་གཏན་འབེབས་ཡོད་ཅིང་། ལོ་རེའི་དབྱར་དགུན་གཉིས་ནི་གྱོན་ཆས་བརྗེ་བའི་དུས་ཚིགས་ཡིན་པ་དང་། ཞིབ་ཕྲའི་དུས་ཚོད་བཀའ་ཤག་གིས་ཞིབ་འཇུག་གཏན་འཁེལ་བྱས་རྗེས་གྱོན་ཆས་བརྗེ་བའི་བཀའ་གཏོང་གི་ཡོད། གལ་སྲིད་གྱོན་ཆས་བརྗེ་བའི་བཀའ་མ་བཏང་ན། སེར་སྐྱ་དཔོན་རིགས་དང་སྐུ་དྲག་སུ་འདྲ་ཞིག་ཡིན་རུང་དབྱར་ཁ་ཚ་བས་ལུས་པོ་རྔུལ་ཆུས་འཚོས་ཀྱང་པགས་ཚགས་འཕུད་མི་ནུས་པ་དང་། དགུན་ཁ་འཁྱགས་ནས་ཁ་འདར་ཤོར་ནའང་པགས་ཚགས་གྱོན་ཕོད་ཀྱི་མེད། འཇིག་རྟེན་འགྲོ་སྟངས་དང་མི་མཐུན་པའི་གཏན་འབེབས་འདི་བཀའ་ཤག་ཐོར་ཞིག་ཏུ་མ་སོང་བར་དུ་ལག་ལེན་བསྟར་ཡོད།


    1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་བསྟུན་ནས་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པར་རྩ་བའི་འགྱུར་ལྡོག་བྱུང་ཡོད། རླབས་ཆེན་གྱི་སྤྱི་ཚོགས་བཅོས་སྒྱུར་གྱི་འཕེལ་རིམ་འདིར་བོད་མིའི་གྱོན་གོས་འདུ་ཤེས་ལའང་འཕེལ་རྒྱས་གསར་རྐྱང་ཞིག་བྱུང་ནས་བཀའ་ཤག་སྐབས་ཀྱི་གྱོན་ཆས་ཀྱི་རིམ་པ་དང་རྙོག་དྲ་ཆེ་བའི་གྱོན་གོས་ཀྱི་གཏན་འབེབས་དག་ཀྱང་ལམ་ལུགས་ནས་མེད་པར་གྱུར་ཡོད། ས་གནས་ཁག་གི་བོད་རིགས་ས་ཁུལ་ནས་ཚོང་ཟོག་དཔལ་འབྱོར་དང་། དེང་རབས་ཀྱི་འཚོ་བ་སྐྱེལ་སྟངས་དང་འདུ་ཤེས་ཀྱི་ཤུགས་རྐྱེན་ཆེ་ཙམ་ཐེབས་པའི་ས་ཁུལ་དང་མི་ཚོགས་ཀྱི་ཁྲོད་གྱོན་གོས་ཀྱི་རྒྱུ་ཆ་དང་བཟོ་ལྟ་ལའང་དེ་མཚུངས་ཀྱི་འགྱུར་ལྡོག་ཕྱིན་ཡོད།

    ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་བོད་རིགས་ཀྱི་གྱོན་གོས་ལའང་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྟུན་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཡིན་ནའང་འགྱུར་ལྡོག་གཏན་ནས་བྱུང་མེད་པ་ནི་ཁྱད་ཆོས་མངོན་གསལ་དོད་པའི་བོད་ཀྱི་གྱོན་གོས་སྔར་བཞིན་བོད་མི་རིགས་ཀྱི་ཁྱད་ཆོས་ཟབ་ཤོས་ལྡན་པའི་མི་རིགས་ཀྱི་མཚོན་རྟགས་ཤིག་ཡིན་ལ། དེའི་མཛེས་སྡུག་གི་འོད་མདངས་ས་ཕྱོགས་གང་སར་ཁྱབ་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།