[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ལྗོངས་སྒྱུ་རྩལ།
  • 《ཐུན་མོང་གི་ཁྱིམ་གཞིས》འཁྲབ་སྟོན་བྱས། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་བ་མངོན།

    ལོ་179ཡི་གོང་དུ་བོད་དམག་2000ལྷག་ཙམ་གྱིས་ཉིང་པོ་རུ་རོགས་སྐྱོར་བྱས་པའི་ལོ་ཟླར་སླར་ཡང་ཕྱིར་དྲན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-20

    2019ལོའི་ཟླ་5ཚེས་29ཉིན་དང་ཚེས་30ཉིན། ཧྲང་ཧའེ་ཝའེ་ཀའོ་ཆའོ་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱི་ཟློས་གར་ཁང་ཆེ་མོར་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པར་ཞུགས་པ་དང་། སྐབས་བཅུ་དྲུག་པའི་ཝུན་ཧྭ་བྱ་དགའ་ཆེ་མོའི་དཔྱད་འདེམས་ནང་ཞུགས་པའི་འཁྲབ་ཚན་ཏེ། གཏམ་བརྗོད་ཟློས་གར《ཐུན་མོང་གི་ཁྱིམ་གཞིས》འཁྲབ་སྟོན་ཐེངས་གཉིས་བྱས་པ་རེད།

    བོད་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། ནང་དོན་གཞི་གཅིག་ཏུ་འདུས་པའི་འཁྲབ་སྟོན་གྱི་རྣམ་པ། བརྗིད་ཉམས་ཆེ་བའི་གར་སྟེགས་ཇུས་འགོད་བྱ་ཐབས། ཡུལ་དུས་ལས་བརྒལ་བའི་རྒྱབ་ལྗོངས་མི་འདྲ་བ་བཅས་དང་། དེ་བཞིན་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་མོར་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་དང་ཐལ་མོའི་རྡེབ་སྒྲ་ཡུན་རིང་བསྒྲཌ། གར་སྟེགས་སུ་བོད་དམག་གིས་དཀའ་བ་དང་དུ་བླངས་ནས་རྒྱང་སྐྱོད་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་མི་སེམས་འགུལ་བའི་འཁྲབ་སྟོན་གྱི་རྣམ་པར་ཧྲང་ཧའེ་ཡི་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་བསྒྲགས་པ་དང་ཚང་མའི་མིག་ཟུང་མཆི་མས་བརླན།

    642214_yis_1563168753932.jpg

    ལོ་179འདས་པའི་ལོ་རྒྱུས་དོན་རྐྱེན་སླར་ཡང་མངོན།

    ལོ་179འདས་པའི་ལོ་རྒྱུས་དོན་རྐྱེན་དངོས་ཤིག་སྟེ། 1840ལོའི་ཉལ་ཐ་དམག་འཁྲུག་ཐེངས་དང་པོའི་སྐབས་བོད་རིགས་དཔའ་བོ་2000ལྷག་ཙམ་གྱིས་བཀའ་བཀོད་ལྟར་རི་ཀླུང་མང་པོ་བརྒལ་བ་དང་ཕ་ཡུལ་དང་ཁ་བྲལ་ནས་ཀྲེ་ཅང་ཉིང་པོ་རུ་བསྐྱོད། ཁོང་ཚོའི་ལུས་ཐོག་ཏུ་མཚོན་ཆ་སྣ་གཅིག་ཀྱང་མེད་ནའང་ལྷག་བསམ་རྣམ་དག་དང་ཤ་ཁྲག་གི་ཕུང་པོར་བརྟེན་ནས་དབྱིན་དམག་གི་མེ་མདའ་དང་མེ་སྒྱོགས་བཀག་སྟེ་ཚང་མས་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་ཡོད།

    གཏམ་བརྗོད་ཟློས་གར《ཐུན་མོང་གི་ཁྱིམ་གཞིས》ནི་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་བོད་དམག་ཉིས་སྟོང་ལྷག་ཙམ་གྱིས་དབྱིན་དམག་འགོག་རྒོལ་བྱས་པའི་གཏམ་རྒྱུད་ཅིག་ཡིན་པ་དང་། དེ་ནི་མི་རྣམས་ཀྱིས་མཐོང་ཐོས་ཉུང་བའི་ལོ་རྒྱུས་དུམ་བུ་ཞིག་རེད་ལ། རི་ཆུ་བེམ་པོ་ཡིན་ཡང་སེམས་འགུལ་ཐེབས་པའི་ལོ་རྒྱུས་དུམ་བུ་ཞིག་དེ་བས་ཀྱང་རེད།

    རང་སྐྱོང་ལྗོངས་རིག་གནས་ཐིང་གིས་སྣེ་ཁྲིད་དང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་གསར་རྩོམ་བྱས་པའི་གཏམ་བརྗོད་ཟློས་གར《ཐུན་མོང་གི་ཁྱིམ་གཞིས》གསར་རྩོམ་དང་འཁྲབ་སྟོན་བྱེད་འགོ་ཚུགས་པ་ནས་བཟུང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་ཡོད།

    གཏམ་བརྗོད་ཟློས་གར་འདི་2015ལོར་རྩོམ་སྒྲིག་དང་འཁྲབ་སྟོན་བྱས་པ་ནས་བཟུང་། བརྩེ་བས་ཕྱུག་པའི་རྒྱལ་གཅེས་རིང་ལུགས་ཀྱི་བསྟོད་གླུ་ཞིག་དང་མཚུངས་ལ། མི་རིགས་མཐུན་སྒྲིལ་དང་དཔའ་བོའི་རིང་ལུགས་ཀྱི་བསྟོད་གླུ་ཞིག་དང་དེ་བས་ཀྱང་མཚུངས་པས། ལྟད་མོ་བ་སུ་ཞིག་ཡིན་རུང་སེམས་འགུལ་མི་ཐེབས་པ་གཅིག་ཀྱང་མེད།

    ལོ་ལྔའི་རིང་། 《ཐུན་མོང་གི་ཁྱིམ་གཞིས》ལ་སྔ་རྗེས་སུ་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རྣམ་གྲངས་ཀྱི་རོགས་སྐྱོར་ཐེངས་གཉིས་ཐོབ་པ་དང་། པེ་ཅིང་དང་། ཧྲང་ཧའེ། ལྷ་ས་སོགས་སུ་འཁྲབ་སྟོན་ཐེངས་མང་བྱས་ཡོད་ལ། རྒྱལ་ཁབ་ཟློས་གར་ཁང་ཆེ་མོ་དང་ཀྲུང་དབྱང་ཏང་གི་སློབ་གྲྭ་སོགས་ཀྱི་སྒྱུ་རྩལ་གར་སྟེགས་ཆེ་རིགས་སུ་འཁྲབ་སྟོན་བྱེད་མྱོང་ཡོད་པས། ལས་རིགས་གཅིག་པའི་རིགས་གཅིག་མཁས་ཅན་དང་རིམ་ཁག་འགོ་ཁྲིད་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་ཡོད།

    642215_yis_1563168754292.jpg

    《ཐུན་མོང་གི་ཁྱིམ་གཞིས》ཀྱི་སྔར་སོང་དང་ད་ལྟ།

    བྱ་དགའ་དང་མཚན་སྙན་ཐེངས་མང་ཐོབ་པའི《ཐུན་མོང་གི་ཁྱིམ་གཞིས》དང་ཐོག《ཁམས་པའི་ཕོ་རྒོད》ཅེས་པའི་གློག་བརྙན་འཁྲབ་གཞུང་ཞིག་ཡིན་པ་དང་ད་བར་རྒྱུས་མངའ་ཡོད་མཁན་ཧ་ཅང་ཉུང་ཉུང་རེད།

    ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་བོད་ལྗོངས་རིག་གནས་སྲུང་སྐྱོབ་མཐུན་ཚོགས་ཀྱི་མངགས་བཅོལ་ལྟར། བཅིངས་འགྲོལ་དམག་སྨྱུ་རྩལ་སློབ་གླིང་གི་ཀྲང་ཞའོ་པིན་གྱིས་པར་ལེན་བྱས་པའི་གློག་བརྙན《ཁམས་པའི་ཕོ་རྒོད》རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས། པར་ལེན་ལེགས་གྲུབ་མ་བྱུང་བའི་སྐོར་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཐོན་ཀྲང་ལ་བསྐོ་གཞག་བྱས་མ་ཐག་པའི་ལྷག་པས་གསལ་པོ་ཤེས་ཀྱི་ཡོད།

    ལྷག་པས“འཁྲབ་ཚན་འདིའི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་འདུག ངས་མཚན་མོ་གཉིས་ཏག་ཏག་བལྟས་པ་ཡིན”ཞེས་བརྗོད།

    གློག་བརྙན་འཁྲབ་ཚན་ནས་གར་སྟེགས་འཁྲབ་ཚན་ལ་འགྱུར་ལྡོག་གཏོང་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན། ལྷག་པས“འཁྲབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས། དེའི་ཚད་བཀག་རང་བཞིན་དང་དོ་སྣང་བྱེད་དགོས་རིགས་མང་པོ་ཡོད”ཅེས་བརྗོད།

    གློག་བརྙན་འཁྲབ་ཚན《ཁམས་པའི་ཕོ་རྒོད》ནས་གཏམ་བརྗོད་ཟློས་གར《ཐུན་མོང་གི་ཁྱིམ་གཞིས》ལ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད་ཅིང་། དེའང་ཀྲུང་གོའི་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་ན་གཞོན་འཁྲབ་ཁྲིད་པ་པའེ་ཧའོ་ཐེན་གྱིས་སྤྱི་ཁྱབ་འཁྲབ་ཁྲིད་པའི་འགན་འཁུར་བ་དང་། བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་གི་ཀྲང་ཞའོ་པིང་དང་། ཀྲུང་གོའི་རྒྱལ་ཁབ་གཏམ་བརྗོད་དཔྱད་གླེང་ཁང་གི་ཕུང་ཅིང་། བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཉི་མ་དོན་གྲུབ་བཅས་ཀྱིས་འཁྲབ་ཚན་རྩོམ་སྒྲིག་གི་འགན་འཁུར་ཡོད། 

    འཁྲབ་ཚན《ཐུན་མོང་གི་ཁྱིམ་གཞིས》ནང་སྟོབས་རྒྱལ་དང་། རིན་ཆེན་དོན་གྲུབ། བཀྲ་ཤིས་དོན་གྲུབ། ཕུར་བུ་ཚེ་རིང་གཞོན་པ་སོགས་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་མང་པོ་ཞུགས་ཡོད།

    འཁྲབ་ཚན་ནང་བོད་ཀྱི་རིག་གནས་གང་ལེགས་མངོན་པར་བྱ་ཆེད། འཁྲབ་ཚན་ཚོགས་ཆུང་གིས་ཞིང་འབྲོག་ཁུལ་དུ་ཐེངས་མང་བསྐྱོད་དེ་བཅར་འདྲི་ཡང་ཡང་བྱས་པ་དང་། རྩོམ་སྒྲིག་གང་ལེགས་ཀྱིས“སྒྱུ་རྩལ་གྱི་སྤུས་ཚད་ཚེ་སྲོག་ལས་ལྷག་པའི”སྙིང་སྟོབས་ལ་བརྟེན་ནས་ལྟ་འདོད་ཅིང་ནང་དོན་ཕུན་སུམ་ཚོགས་པའི་གཏམ་བརྗོད་ཟློས་གར《ཐུན་མོང་གི་ཁྱིམ་གཞིས》ལྟད་མོ་བའི་འདྲེན་བྱེད་ལམ་དུ་ཕུལ་ཡོད།

    བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འཁྲབ་སྟོན་པས་རོགས་སྐྱོར་ལོ་རྒྱུས་འཁྲབ་པ།

    འཁྲབ་ཚན《ཐུན་མོང་གི་ཁྱིམ་གཞིས》ཧྲང་ཧའེ་ཡི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་ཐོག་འཁྲབ་སྟོན་བྱས་རྗེས་འཁྲབ་ཚན་དེའི་སྤྱི་ཁྱབ་འཁྲབ་ཁྲིད་པ་པའེ་ཧའོ་ཐེན་གྱིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། “ང་ཚོས་རྒྱུན་དུ་བོད་སྐྱོར་གྱི་སྐོར་གླེང་བཞིན་ཡོད། འཁྲབ་ཚན《ཐུན་མོང་གི་ཁྱིམ་གཞིས》ནང་དེ་སྔ་བོད་རིགས་ཀྱིས་རོགས་སྐྱོར་བྱས་པའི་ལོ་རྒྱུས་དུམ་བུ་ཞིག་དངོས་སུ་བརྗོད་ཡོད་པ་མ་ཟད། འཁྲབ་གཞུང་ནི་ལོ་རྒྱུས་ཀྱི་དོན་དངོས་ལས་བྱུང་བ་ཞིག་རེད”ཅེས་བརྗོད།

    དེང་གི་དུས་སུའང་བོད་རིགས་ཀྱིས་རོགས་སྐྱོར་བྱས་པ་དེའི་སྐོར་གྱི་ལོ་རྒྱུས་དཔྱད་གཞིའི་གཞི་འཛིན་ས་ཡོད། ཀྲེན་ཧའེ་རུ་དེང་གི་དུས་སུའང་རྡོ་རིང་ཐོག་དཔའ་བོའི་ལོ་རྒྱུས་ཀྱི་དུམ་བུ་འདི་བརྐོས་ནས་བོད་མི་རིགས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཧུད་རིགས། ཆའང་རིགས་སོགས་མཉམ་དུ་ཕྱི་རྒྱལ་གྱི་བཙན་འཛུལ་ལ་འགོག་རྒོལ་བྱས་ཏེ་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་བརྗིད་ཆགས་ཤིང་ཡིད་སྐྱོ་བའི་ལོ་རྒྱུས་བྲིས་ཡོད།

    《ཉིང་པོ་གྲོང་ཁྱེར་གྱི་འབྱུང་རབས》ནང“དབྱིན་དམག་གིས་ཕུང་པོ་གྲུ་གཟིངས་ལྔ་ལ་བླུགས་ཏེ་ཉིང་པོ་ནས་ཕྱིར་འཐེན་གྱིས་ཏེང་ཧའེ་རུ་དབོར”ཅེས་འཁོད་ཡོད། དབྱིན་དམག་གིས“ཀྲུང་གོར་སླེབས་པ་ནས་བཟུང་ད་རེས་ཕམ་ཉེས་ཆེ་ཤོས་བྱུང་བ”ཁས་ལེན་གྱི་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 《ཐུན་མོང་གི་ཁྱིམ་གཞིས》གསར་རྩོམ་བྱས་པ་ནས་ད་བར་འཁྲབ་སྟོན་བྱེད་ཞོར་དུ་བཟོ་བཅོས་བརྒྱབ་ནས་ཇི་ཙམ་འཁྲབ་པ་དེ་ཙམ་གྱིས་འཐུས་སྒོ་ཚང་པོ་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་འཁྲབ་གཞུང་དང་གར་སྟེགས་མཛེས་རྩལ་སོགས་ལ་བཟོ་བཅོས་ཐེངས་མང་བརྒྱབ་ནས་ཕུན་སུམ་ཚོགས་སུ་བཏང་ཡོད་པ་རེད།

    ཟླ་6ཚེས་2ཉིན། ཧྲང་ཧའེ་རུ་གཉེར་བའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པ་ནས་སླར་ཡང་རྒྱལ་ཁའི་གཏམ་བཟང་གྲགས། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་བརྩམས་པ་དང་། འཁྲབ་སྟོན་བྱས་པའི་རྒྱལ་གཅེས་རིང་ལུགས་ཀྱི་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་གི་གཏམ་བརྗོད་ཟློས་གར《ཐུན་མོང་གི་ཁྱིམ་གཞིས》ལ“སྐབས་བཅུ་དྲུག་པའི་ཀྲུང་གོའི་རིག་གནས་སྒྱུ་རྩལ་གྱི་སྲིད་གཞུང་གི་བྱ་དགའ་ཝུན་ཧྭ་བྱ་དགའ་ཆེ་མོའི་མིང་བཏོན་འཁྲབ་ཚན་གྱི་བྱ་དགའ”ཐོབ་པ་རེད།

    642218_yis_1563168755152.jpg

    པར་རིས་འདི་དག་ནི་ལོ་179ཡི་གོང་དུ་བོད་རིགས་དཔའ་བོ་2000ལྷག་ཙམ་གྱིས་ལ་ཀླུང་མང་པོ་བརྒལ་ནས་ཉིང་པོ་རུ་དབྱིན་དམག་ལ་འགོག་རྒོལ་བྱས་ནས་རང་སྲོག་བློས་བཏང་བའི་ཡིད་སྐྱོ་བའི་ལོ་རྒྱུས་ཀྱི་དུམ་བུ་ཞིག་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་མང་པོ་ཞིག་གིས་འཁྲབ་ཚན《ཐུན་མོང་གི་ཁྱིམ་གཞིས》ནང་མཚོན་པར་བྱས་ནས་སྐབས་དེ་དུས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་བ་ཟབ་པའི་བོད་རིགས་དཔའ་བོ་དེ་དག་གི་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་གི་འདུ་ཤེས་ཟབ་མོ་མཚོན་པར་བྱས་ཡོད།

    ལོ་རྒྱུས་རྒྱབ་ལྗོངས་ཀྱི་འབྲེལ་ཡོད་སྦྲེལ་མཐུད།

    འཁྲབ་ཚན《ཐུན་མོང་གི་ཁྱིམ་གཞིས》ནི་ལོ་རྒྱུས་ཀྱི་དོན་རྐྱེན་དངོས་སྒྱུར་བཟོ་བྱས་པ་ཞིག་ཡིན་ཞིང་། དེའི་ནང་དུ་1840ལོའི་ཉལ་ཐ་དམག་འཁྲུག་ཐེངས་དང་པོའི་སྐབས་སུ། ཉལ་ཐ་གང་སར་མཆེད་པ་དང་། ལྐོག་ཟ་རུལ་སུངས་བྱེད་མཁན་མང་བ། ཆིང་དམག་ནུས་མེད་ཉམས་ཞན་ཡིན་པ། ཤང་ཀང་བཙན་བཟུང་བྱས་པ། ཆིང་སྲིད་གཞུང་གིས་དབྱིན་ཇི་བཙན་འཛུལ་བས་གང་འདོད་བྱས་ཀྱང་རྒོལ་ལན་སློག་མ་ཐུབ་པ་དང་། དབྱིན་ཇི་བཙན་འཛུལ་བས་ཉལ་ཐ་བཙོངས་ནས་ཁེ་ཕན་ཐོབ་ཐབས་བྱ་ཆེད། གྲུ་གཟིངས་དང་མེ་སྒྱོགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྒོ་མོ་བཙན་གྱིས་ཕྱེ་ཡོད། ཉེན་ཁ་ཆེ་བའི་སྐབས་དེར། བོད་རིགས་དཔའ་བོ་2000ལྷག་ཙམ་གྱིས་བཀའ་ལྟར་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུ་ཡིད་ལ་བཅངས་ནས་རི་ཀླུང་མང་པོ་བརྒལ་ཏེ་ཤར་ལྷོའི་མཚོ་རྒྱུད་དུ་ཆགས་པའི་ཉིང་པོ་རུ་བསྐྱོད་དེ་རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཆའང་རིགས་སོགས་ཀྱི་སྤུན་ཟླ་དང་མཉམ་དུ་བཙན་འཛུལ་བར་འགོག་རྒོལ་དང་ཁྱིམ་སྲུང་རྒྱལ་སྐྱོབ་བྱས་མཐར་གོ་མཚོན་རྗེས་ལུས་ཡིན་པའི་རྐྱེན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་ཚང་མའི་ཚེ་སྲོག་ཤོར་བའི་གནས་ཚུལ་བརྗོད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།