[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • ཉི་མ་མཚམས་གཅོད་ཀྱིས་སྲོལ་རྒྱུན་གྱི་ནང་མ་དང་སྟོད་གཞས་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-04

    ནང་མ་ནི་གཞས་གཏོང་བ་གཙོ་བོར་བྱས་ཤིང་། གླུ་གཞས་དང་ཞབས་བྲོ་ཟུང་དུ་འབྲེལ་བའི་རྣམ་པ་ཞིག་ཡིན་ལ། ཐོག་མར་ཕོ་བྲང་ནང་དར་ཁྱབ་ཆེ་བས་ཕོ་བྲང་གི་ཞབས་བྲོ་ཞེས་བརྗོད་སྲོལ་ཡོད། སྟོད་གཞས་ནི་གཞས་དང་། ཞབས་བྲོ། རོལ་ཆ་བཅས་ཟུང་དུ་འབྲེལ་བའི་དམངས་ཁྲོད་ཀྱི་གླུ་གར་ཞིག་ཡིན་ཞིང་། སྒྱུ་རྩལ་པ་དང་གླུ་གར་མཁས་ཅན་གྱིས་ཁ་སྣོན་དང་ཚད་ལྡན་བཟོས་ནས་རིམ་བཞིན་དར་ཁྱབ་བྱུང་བ་ཞིག་རེད།

    ཉི་མ་མཚམས་གཅོད་ཀྱི་ཕ་མ་གཉིས་ཀ་ནང་མ་སྟོད་གཞས་ལ་དགའ་ཞེན་ཧ་ཅང་ཆེན་པོ་ཡོད། ལྷག་པར་དུ་ཁོང་གི་པཱ་ལགས་ཕུར་བུ་ཚེ་རིང་གིས་རོལ་ཆ་དཀྲོལ་ཤེས་པ་མ་ཟད། སྒྲ་སྙན་སོགས་ནང་མ་སྟོད་གཞས་ཀྱི་རམ་དཀྲོལ་རོལ་ཆའང་མང་པོ་ཤེས་ཀྱི་ཡོད། ཆུང་དུས་ཁྱིམ་དུ་བོད་ཀྱི་ནང་མ་སྟོད་གཞས་ཀྱི་སྒྱུ་རྩལ་མཁས་ཅན་མང་པོ་འཛོམས་ཀྱི་ཡོད་པས། གླུ་གར་སྒྱུ་རྩལ་གྱི་ཁོར་ཡུག་དེ་འདྲའི་འོག་འཚར་ལོངས་བྱུང་བའི་ཁོང་གིས་ལོ་6ནས་ནང་མ་སྟོད་གཞས་སྦྱོང་འགོ་ཚུགས་པ་མ་ཟད། མཁས་དབང་མང་པོའི་སློབ་སྟོན་འོག་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་པས་ཆུང་དུས་ནས་ནང་མ་སྟོད་གཞས་ལ་ཤིན་ཏུ་མཁས་པར་གྱུར།

    1980ལོར། སི་ཁྲོན་དར་མདོ་དགེ་འོས་སློབ་ཆེན་ནས་ཐོན་རྗེས། ཉི་མ་མཚམས་གཅོད་ཀྱིས་ཧའེ་ཁྲེང་སློབ་ཆུང་གི་རྒྱ་ཡིག་གི་དགེ་རྒན་བྱས་པ་དང་། དེའི་རིང་རོལ་དབྱངས་དགེ་རྒན་ཡང་བྱས་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཏེ། ནང་མ་དང་སྟོད་གཞས་བུམ་པ་གང་བྱོའི་ཚུལ་གྱིས་སློབ་མར་བསླབས། 2007ལོར། དགེ་རྒན་གྱི་ལས་གནས་ནས་རྒན་ཡོལ་ཞུས་རྗེས་ཁོང་གིས་ཐེ་ཚོམ་སྤུ་ཙམ་མེད་པར་ལྷ་སའི་ནང་མ་སྟོད་གཞས་རྒྱུན་འཛིན་རུ་ཁག་ནང་ཞུགས་ཤིང་། དུས་ཀྱི་གོམ་འགྲོས་དང་བསྟུན་ནས་ནང་མ་དང་སྟོད་གཞས་རྒྱུན་འཛིན་རུ་ཁག་གི་ཚོགས་མི་ཡང་ཐོག་མའི་མི་100ནས་མི་500བར་མང་དུ་ཕྱིན་ཡོད།

    2015ལོར། ཉི་མ་མཚམས་གཅོད་ཀྱིས་ནང་མ་དང་སྟོད་གཞས་རྒྱུན་འཛིན་རུ་ཁག་གི་དགེ་རྒན་གྱི་འགན་འཁུར་བ་དང་ཆབས་ཅིག བོད་ཀྱི་ནང་མ་དང་སྟོད་གཞས་མཁས་ཅན་བཀྲ་ཤིས་ཚེ་རིང་ལགས་དགེ་རྒན་དུ་བསྟེན་ནས་ནང་མ་དང་སྟོད་གཞས་སློབ་སྦྱོང་གཏིང་ཟབ་བྱས། 2017ལོར། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་ཉི་མ་མཚམས་གཅོད་དང་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱི་དགེ་ཕྲུག་རྒན་པ་དབང་ཆེན་གཉིས་ནང་མ་དང་སྟོད་གཞས་གསོ་སྦྱོང་འཛིན་གྲྭར་སློབ་ཚན་འཁྲིད་པར་གདན་དྲངས། དེ་དུས་ཉི་མ་མཚམས་གཅོད་ནི་ནང་མ་དང་སྟོད་གཞས་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པ་དང་། ཉི་མ་མཚམས་གཅོད་དང་དབང་ཆེན་ལགས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་སློབ་སྟོན་བཟང་པོའི་འོག གསོ་སྦྱོང་འཛིན་གྲྭའི་སློབ་མ་ཐོག་མའི་མི་འགའ་ཤས་ནས་རིམ་བཞིན་མི་བརྒྱ་གྲངས་བར་འཕེལ་ཡོད།

    2018ལོར། ཉི་མ་མཚམས་གཅོད་དང་རྒན་བཀྲ་ཤིས་ཚེ་རིང་གིས་གདན་ཞུས་ལྟར་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་དུ་སློབ་ཁྲིད་བྱས་པ་རེད།

    ཉིན་ལྟར་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་། བོད་ལྗོངས་སློབ་ཆེན། ལྷ་ས་གྲོང་ཁྱེར་ལས་བྱེད་པ་རྒན་གྲས་ཀྱི་བྱེད་སྒོའི་ལྟེ་གནས། ལྷ་ས་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་། སྟོད་ལུང་བདེ་ཆེན་ཆུས་རིག་གནས་ལྟེ་གནས་སོགས་སུ་སློབ་ཚན་འཁྲིད་བཞིན་པའི་ཉི་མ་མཚམས་གཅོད་ལ་མཚོན་ན། གཟའ་འཁོར་གཅིག་ལ་ངལ་གསོའི་དུས་ཚོད་ཉིན་གཅིག་ཀྱང་མེད་པ་དང་། ཁོང་གིས་ཉིན་མཚན་བལྟོས་མེད་ངང་འབད་བརྩོན་བྱས་པ་བརྒྱུད། གསོ་སྐྱོང་བྱས་པའི་སློབ་མ་ཡང་ཐོག་མའི་མི་200ལྷག་ནས་རིམ་བཞིན་ལོ་20ནས་70བར་གྱི་སློབ་མ་5000ལྷག་ཙམ་ཟིན་པ་རེད།

    རང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་དང་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འོས་སྦྱོར་བྱས་པ་བརྒྱུད། 2018ལོའི་ཟླ་6པར། ཉི་མ་མཚམས་གཅོད་དང་དབང་ཆེན་གཉིས་ལྷ་ས་གྲོང་ཁྱེར་གྱི་སྟོད་གཞས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བདམས། 2019ལོར། ཉི་མ་མཚམས་གཅོད་ཀྱིས་ད་དུང《བོད་ཀྱི་སྲོལ་རྒྱུན་ནང་མ་དང་སྟོད་གཞས》ཀྱི་ཆེད་སྒྲིག་འོད་སྡེར་བདེ་བླག་ངང་བཏོན་པ་རེད།

    རྒྱལ་ཁབ་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་དེ་བས་སྣང་ཆེན་དང་། ཆ་འཕྲིན་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། དུས་རབས་གསར་པའི་ཏང་གི་སྲིད་ཇུས་བཟང་པོ་བཅས་ཀྱི་མཐུན་རྐྱེན་འོག ཉི་མ་མཚམས་གཅོད་ཀྱི་སློབ་ཁྲིད་ཀྱང་བསམ་དོན་ལྷུན་འགྲུབ་བྱུང་ཞིང་། རྫོང་རྒྱབ་ཀླུ་ཁང་དང་ལྷ་སའི་མང་ཚོགས་རིག་རྩལ་བྱེད་སྒོ་ལྟེ་གནས་ཁང་ཁག་ནས་ནང་མ་དང་སྟོད་གཞས་ཀྱི་རྒྱུན་འཛིན་པ་མང་པོ་གསོ་སྐྱོང་བྱས་ཡོད།

    ཉི་མ་མཚམས་གཅོད་ལ་མཚོན་ན། ནང་མ་དང་སྟོད་གཞས་ནི་སྤྲོ་བ་དཔག་ཏུ་མེད་པའི་བྱ་བ་ཞིག་ཡིན་ཞིང་། ནང་མ་དང་སྟོད་གཞས་ལས་ལུས་སེམས་བདེ་བར་གྱུར་པ་མ་ཟད། ཉིན་ལྟར་འཚོ་བའི་སྤྲོ་སྣང་ཡང་འཕེལ་གྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།