[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • སེ་ར་ཕུར་འཇལ་སོགས་ཆོས་ལུགས་བྱེད་སྒོ་ཁག་གནས་སྐབས་མཚམས་འཇོག་རྒྱུ།

  • ཡོང་ཁུངས།   ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ནས།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-11

    སྤྱི་བསྒྲགས།

    མིག་སྔར། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་འགག་རྩའི་དུས་ཡིན་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས་》དང་། 《སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་དང་པོ་འགོ་འཛུགས་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྤྱི་བསྒྲགས》གཞིར་བཟུང་། རྒྱ་ཆེའི་དད་ལྡན་མང་ཚོགས་དང་ཆོས་ལུགས་ལས་དོན་མི་སྣའི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་གི་ཆེད། རང་གྲོང་ཁྱེར་གྱི་དགོན་སྡེ་ཁག་གིས་རང་འགུལ་ངང་གྲོས་འགོ་བཏོན་ཅིང་། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་འཇུག་ནན་ཏན་བྱས་པ་བརྒྱུད། སེ་ར་ཕུར་མཇལ་དང་། མཚུར་ཕུ་དགོན་གྱི་སྒར་ཆེན་དགུ་གཏོར། ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེའི་ལོ་གསར་ཚེས་གཅིག་གི་ཆོས་མཇལ། འབྲས་སྤུངས་ཀྱི་ཚེས་གཉིས་ཀྱི་གནས་ཆུང་ལྷ་གསོལ་སོགས་མི་དམངས་མང་ཚོགས་གཅིག་སྡུད་འདུ་འཛོམས་བྱེད་པའི་སྲོལ་རྒྱུན་གྱི་འཆར་ཅན་ཆོས་ལུགས་བྱེད་སྒོ་ཁག་ནི་དད་ལྡན་མང་ཚོགས་མང་བ་དང་། ས་གནས་བརྒལ་བའི་མི་སྣ་འཁོར་རྒྱུག་མང་བ། བྱེད་སྒོའི་དུས་ཡུན་རིང་བ། གཅིག་སྡུད་འདུ་འཛོམས་ཆེ་བའི་བྱེད་སྒོ་ཆེན་མོ་ཤ་སྟག་ཡིན་སྟབས། རིམས་ནད་འགོ་བའི་ཉེན་ཁ་ཤིན་ཏུ་ཆེ་བའི་རྐྱེན་གྱིས། ལོ་གསར་གོང་དང་ལོ་གསར་རིང་གི་དད་ལྡན་མང་ཚོགས་འདུ་འཛོམས་བྱེད་པའི་སྲོལ་རྒྱུན་ཆོས་ལུགས་བྱེད་སྒོ་འདི་དག་མཚམས་འཇོག་བྱེད་རྒྱུ་ཡིན། རང་གྲོང་ཁྱེར་གྱི་དགོན་པ་ཁག་གི་ལོ་གསར་མཆོད་མཇལ་དང་། དར་ཆེན་སྐུ་བཞེངས། སྨོན་ལམ་ཆེན་མོ་སོགས་སྲོལ་རྒྱུན་ཆོས་ལུགས་བྱེད་སྒོ་ཁག་གི་བདེ་འཇགས་འགན་སྲུང་ཐུབ་པའི་ཆ་རྐྱེན་འོག དུས་ཡུན་ཐུང་དུ་དང་གཞི་རྒྱ་ཆུང་དུ་བཏང་ནས་དགོན་པའི་ནང་ཁུལ་དུ་སྤེལ་བ་ལས། དད་ལྡན་མང་ཚོགས་གཏོང་རྒྱུ་མིན་པས། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་དགོངས་བཞེས་དང་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན་ལ། ཕན་ཚུན་བརྡ་ལན་སྤྲོད་རོགས་གནང་ཞུ་རྒྱུ་དང་བཅས།

    ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

    ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ནས།

    2020ལོའི་ཟླ་བ་2པའི་ཚེས་7ཉིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།