[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་གྱི་གྲུབ་ཆ་ གལ་ཆེན་གསུམ་གྱི་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   དབྱངས་ཅན་ལྷ་མོ།    |    སྤེལ་དུས།   2019-12-27

    གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་ཞིག་ཡིག་སྒྱུར་ལེགས་པོ་བྱུང་ན་དེས་མི་རིགས་གཅིག་གི་རིན་ཐང་ལྟ་བ་དང་འཇིག་རྟེན་ལྟ་བ་གསལ་བར་མངོན་ཐུབ་པ་ཡིན་ལ་དེ་བས་སྔོན་ཐོན་གྱི་བསམ་བློ་དང་ཐོན་སྐྱེད་ཉམས་མྱོང་། རིག་གནས་སྤེལ་རེས་སོགས་ལ་སྨན་པའི་ལག་ཆ་ཞིག་ཏུ་གྱུར་བ་ཡིན་པས། གློག་བརྙན་དང་བརྙན་འཕྲིན་ཡིག་སྒྱུར་སྐབས་སུ་བརྗོད་བྱ་གཙོ་བོ་དང་མི་སྣ། སྐད་བརྡའི་སྦྱོར་བ་བཅས་གྲུབ་ཆ་གསུམ་གྱི་ཐོག་ལ་དོ་སྣང་བྱེད་དགོས།

    གཅིག འཁྲབ་ཚན་གྱི་བརྗོད་བྱ་གཙོ་བོར་ངེས་པར་དུ་རྒྱུས་ལོན་བྱེད་དགོས།

    གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་ལེགས་པོ་ཞིག་ལ་བརྗོད་བྱ་གཙོ་བོ་འབུར་དུ་ཐོན་པ་དང་མི་སྣའི་གཟུགས་བརྙན་མངོན་པར་གསལ་བ། སྐད་ཆ་གོ་བདེ་ལ་ཁུ་བསྡུས་པ་ཞིག་དགོས་ཀྱི་ཡོད། བརྗོད་བྱ་གཙོ་བོ་དེ་ནི་འཁྲབ་ཚན་གྱི་བླ་སྲོག་ལྟ་བུ་ཡིན་པས་བརྗོད་བྱར་རྒྱུས་ལོན་བྱེད་པར་ཐོག་མར་འཁྲབ་ཚན་གྱི་བྱུང་རིམ་དང་། དུས་རབས་ཀྱི་རྒྱབ་ལྗོངས། སྒྱུ་རྩལ་མཚོན་ཐབས་བཅས་ལ་ཤེས་རྟོགས་བྱེད་དགོས་ལ་འཁྲབ་ཚན་གྱི་གནད་དོན་ཆུང་ངུ་ནས་རྒྱུས་མངའ་བྱུང་ན་འཁྲབ་ཚན་ཁྱོན་ཡོངས་ཀྱི་འཕར་རྩ་ཅི་ཡིན་གསལ་པོར་རྟོགས་ཐུབ། བརྗོད་བྱ་ནི་བརྩམས་ཆོས་གཅིག་གི་འགོ་མཇུག་སྔ་ཕྱི་འབྲེལ་འཐུད་བྱེད་པའི་ཚེ་སྲོག་གི་ཕྲེང་ཐག་ལྟ་བུ་ཡིན་པས་ཕྲེང་ཐག་དེ་དང་བྲལ་ན་བརྩམས་ཆོས་ཧྲིལ་པོར་བླ་སྲོག་མེད་པ་དང་འདྲ་བས་གསན་གཟིགས་གནང་མཁན་གྱི་ཡིད་དབང་འགུགས་ཐུབ་ཀྱི་མེད། ཡིག་སྒྱུར་བྱེད་མཁན་ལ་ལས་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་དེ་ཡིག་སྒྱུར་མ་བྱས་གོང་དུ་འཁྲབ་ཚན་དེ་འགོ་ནས་མཇུག་བར་ཐེངས་ཁ་ཤས་བལྟས་ནས་འཁྲབ་ཚན་དེའི་བརྗོད་བྱ་གཙོ་བོར་རྒྱུས་མངའ་ལོན་ཐབས་བྱེད་པ་དང་དེ་རྗེས་གཞི་ནས་ཡིག་སྒྱུར་བྱེད་འགོ་འཛུགས་ཀྱི་ཡོད་པས་ཡིག་སྒྱུར་བྱེད་ཐབས་དེ་རིགས་ནི་ཧ་ཅང་ལེགས་པར་མཐོང་། དོན་དུ་དེ་ནི་མི་ཞིག་གི་བསམ་བློ་ལ་རྒྱུས་ལོན་བྱེད་པ་དང་འདྲ་སྟེ་སྔོན་ལ་མི་དེའི་ཕྱོགས་གང་ས་ཅི་ཐད་ནས་ཤེས་རྟོགས་ཐུབ་ན་ད་གཟོད་མི་དེར་གཏིང་ནས་རྒྱུས་ལོན་ཐུབ་པ་ཡིན་པས་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་ཡང་དེ་བཞིན་ནོ།

    འགའ་ཤས་ཀྱིས་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་གང་ཡིན་ཡང་བརྗོད་བྱ་གཙོ་བོ་གསལ་པོར་ཡོད་པས་སླར་ཡང་བརྗོད་བྱར་རྒྱུས་ལོན་བྱེད་པའི་དགོས་པ་མེད་པས་ཚིག་རེ་རེ་བཞིན་བསྒྱུར་ན་ཆོག་པར་འཛིན། ལྟ་ཚུལ་དེ་ནི་དོན་དངོས་ཐོག་འགན་འཁུར་མེད་པའི་བསམ་པ་ཞིག་ཡིན་ཏེ། གཅིག་ནས་མ་ཡིག་གི་རྩོམ་པ་པོ་དང་འཁྲབ་ཁྲིད་པས་འཁྲབ་ཚན་གྱི་བརྗོད་བྱ་གཏན་འཁེལ་བྱས་ཡོད་པ་བདེན་ཡང་། སྒྱུར་མཁན་ལ་མཚོན་ན་བརྗོད་བྱ་གཙོ་བོ་དེར་རྒྱུས་མངའ་དང་འཁྲབ་ཚན་གྱི་སྒྲིག་གཞི་ཡོངས་ལ་རྒྱུས་ལོན་མཐར་ཕྱིན་པ་བྱེད་དགོས། གཉིས་ནས་བུ་ཡིག་ལ་ཕབ་སྒྱུར་བྱས་པ་ནི་ཡི་གེ་གསར་པ་ཞིག་ཏུ་ཆ་ཚང་བར་བསྒྱུར་པ་ཡིན་པས་སྐད་བརྡའི་གྲུབ་ཚུལ་དང་མཚོན་ཐབས་སོགས་ལ་ངོ་བོའི་ཐད་ནས་མི་འདྲ་བ་ཡིན། གལ་སྲིད་ཡི་གེ་ཐད་ཀར་བསྒྱུར་པ་ཙམ་ལས་ནང་དོན་དངོས་ལ་དོ་སྣང་མ་བྱས་ན་བརྗོད་བྱ་གཙོ་བོ་མངོན་པར་གསལ་བ་སྟོན་མི་ཐུབ། གསུམ་ནས་ཡི་གེ་རེ་རེ་བྱས་ནས་ཐད་སྒྱུར་བྱེད་པ་དེས་ནང་དོན་མི་གཙོ་རྣམ་པ་གཙོ་བའི་གནད་དོན་ཡོང་སྲིད་ལ། ཐད་སྒྱུར་མང་བས་འཁྲབ་ཚན་གྱི་སྐད་ཆ་སྐམ་ཆགས་སུ་གྱུར་ལ་བརྗོད་བྱ་མག་མོག་དང་སྔ་ཕྱི་འགལ་བ་སོགས་ཀྱི་སྣང་ཚུལ་ཐོན་སྲིད་པ་མ་ཟད་གོ་བ་ལོག་པ་སོགས་ཀྱི་སྐྱོན་ཡང་ཐོན་སྲིད།

    གཉིས། འཁྲབ་ཚན་གྱི་མི་སྣའི་གཤིས་ཀའི་ཁྱད་ཆོས་དང་བསམ་པའི་འཁྱེར་སོར་ངེས་པར་དུ་དམ་པོར་འཛིན་དགོས།

    གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་ཞིག་གི་ལྟད་མོ་ཆེ་ཤོས་དེ་མི་སྣ་མི་འདྲ་བའི་སྣང་བརྙན་གསར་བཞེངས་བྱེད་པའི་བརྒྱུད་རིམ་དེ་ཡིན་ཞིང་། མི་སྣ་མི་འདྲ་བའི་སྣང་བརྙན་གསར་བཞེངས་བྱས་པ་བརྒྱུད། མི་སྣའི་རང་གཤིས་དང་སེམས་ཁམས་འཁྱེར་སོ་སོགས་ཤེས་ཐུབ་ལ་འཁྲབ་ཚན་ཧྲིལ་པོའི་སྔ་ཕྱིའི་བྱུང་རིམ་གསལ་བར་ཤེས་ཐུབ་པ་ཡིན་པས་མི་སྣ་ནི་འཁྲབ་ཚན་གྱི་གློ་སྙིང་ལྟ་བུ་རེད། དེར་བརྟེན་མི་སྣའི་རང་གཤིས་དང་སེམས་ཁམས་འཁྱེར་སོར་གོ་བ་ལེན་ཐུབ་མིན་དང་དབྱེ་ཞིབ་བྱེད་ཐུབ་མིན་དེ་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་ལེགས་པོ་བྱུང་མིན་དང་ཐད་ཀར་འབྲེལ་བ་ཡོད་ཙ་ན། ཡིག་སྒྱུར་སྤུས་ཚད་བཟང་ངན་གྱི་ཚད་འཛིན་ས་གཙོ་བོ་ཞིག་ཀྱང་ཡིན།

    ཡིག་སྒྱུར་ལ་ཞུགས་མཁན་སྐྱེ་བོ་རེ་འགས། མ་ཡིག་ནང་མི་སྣའི་སྣང་བརྙན་འབུར་དུ་ཐོན་པ་གསར་བཞེངས་བྱས་ཡོད་པས་ཡིག་སྒྱུར་སྐབས་སླར་ཡང་གསར་སྐྲུན་བྱེད་པའི་དགོས་པ་ཡོད་དམ་ཞེས་བརྗོད་ཀྱི་ཡོད། དོན་དུ་ཁོ་བོས་བལྟས་ན་ཡིག་སྒྱུར་ནི་མ་གཞི་ནས་གསར་སྐྲུན་གྱི་བརྒྱུད་རིམ་ཞིག་ཡིན། བུ་ཡིག་ནི་མ་ཡིག་དང་སྐད་ཡིག་མི་འདྲ་བ་ཞིག་ཡིན་པས་དེའི་སྒྱུ་རྩལ་མཚོན་ཐབས་ཀྱའང་མ་ཡིག་དང་མི་འདྲ་བ་ཡིན། གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་སྐབས་སུ་སྒྱུར་པ་པོའི་རིག་གནས་བྱང་ཚད་དང་འཁྲབ་ཚན་གྱི་མི་སྣར་རྒྱུས་ལོན་གང་འདྲ་ཡོད་མེད་དེས་སྐད་ཡིག་མི་འདྲ་བའི་སྒྱུ་རྩལ་མཚོན་ཐབས་ཀྱི་དཀའ་གནད་སེལ་ཐུབ། སྒྱུར་མཁན་ཞིག་ལ་མཚོན་ན་རིག་གནས་ཀྱི་ཐོས་རྒྱ་ཆེན་པོ་དང་སྤྱི་ཚོགས་ཀྱི་ཉམས་མྱོང་ཆེན་པོ་ཡོད་དགོས་པ་མ་ཟད། སྤྱི་ཚོགས་སྟེང་གི་མི་འདྲ་མིན་དང་འབྲེལ་འདྲིས་བྱས་ཏེ་ཁོ་ཚོའི་འགྲོ་འདུག་གཏམ་གསུམ་སོགས་ལ་དོ་སྣང་བྱས་ཏེ། དེ་དག་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ནས་རང་ཉིད་ཀྱི་འཁྲབ་ཚན་ཡིག་སྒྱུར་ཁྲོད་དེ་དང་འདྲ་བའི་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་སྐབས་མི་སྣའི་སྐད་ཆ་སོགས་ཀྱི་སྟེང་དུ་བེད་སྤྱོད་བྱེད་ཐུབ་ན་ལེགས་པར་མཐོང་། མི་སྣར་དབྱེ་ཞིབ་བྱེད་སྐབས་ཐོག་མར་མི་སྣའི་སྤྱི་ཚོགས་གནས་བབ་དང་བྱེད་ལུགས་བྱེད་སྟངས། གཤིས་ཀ་དང་མི་སྣའི་སེམས་ཁམས་སོགས་ལ་དབྱེ་ཞིབ་དང་དེ་རྗེས་མི་སྣའི་རྣམ་འགྱུར་དང་བྱ་སྤྱོད་སོགས་མི་སྣའི་ཕྱོགས་གཞན་ལ་དོ་སྣང་བྱས་ཏེ། དེ་དག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་མི་སྣའི་སེམས་ཁམས་དང་གཤིས་ཀ་སོགས་ལ་རྒྱུས་ལོན་མཐར་ཕྱིན་བྱེད་ཐུབ་ན། གནད་ལ་འཁེལ་བའི་ཡི་གེ་དང་སྐད་བརྡའི་སྦྱོར་བ་ལ་བརྟེན་ནས་འཁྲབ་ཚན་གྱི་མི་སྣའི་སྣང་བརྙན་འབུར་དུ་ཐོན་པར་བྱེད་ཐུབ་པ་མ་ཟད་གསན་གཟིགས་གནང་མཁན་ལ་བག་ཆགས་དེ་བས་ཟབ་མོ་འཇོག་ཐུབ། ཡིག་སྒྱུར་མཁན་གྱིས་འཁྲབ་ཚན་གྱི་མི་སྣར་དབྱེ་ཞིབ་ཡག་པོ་མ་བྱུང་ན་འཁྲབ་ཚན་ནང་གི་མི་སྣའི་གཤིས་ཀ་དང་སྣང་བརྙན་སྤྱི་ཡོངས་ལ་གཅིག་གྱུར་གྱི་བག་ཆགས་ཡོང་ཐབས་བྲལ་བས་འབུར་དུ་ཐོན་པའི་ཁྱད་ཆོས་བརླག་ཉེན་ཆེ་ལ་ཡིག་སྒྱུར་དེ་ཡང་མཐའ་མར་ཕན་མེད་ཀྱི་ཁྲལ་སེལ་སླ་བཅོས་ལ་འགྲོ་ཉེན་ཆེ། དེར་བརྟེན་མི་སྣའི་གཤིས་ཀ་དང་མི་སྣའི་སེམས་ཁམས་ལ་རྒྱུས་ལོན་བྱས་ནས་རང་ཉིད་ཀྱི་བརྩེ་དུང་དང་མཉམ་དུ་བསྲེས་ཐུབ་ན། ད་གཟོད་ཡིག་སྒྱུར་བྱས་པའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་དེ་སྤུས་ཚད་ལེགས་པོ་ཞིག་ཡོང་ངེས་ལ་གསན་གཟིགས་གནང་མཁན་ཡང་མང་པོ་ཡོང་ངེས།

    གསུམ། སྐད་བརྡའི་སྦྱོར་བ་ཚད་ལྡན་དང་ཡང་དག་པ་ཞིག་ཡོང་ཐབས་བྱེད་དགོས།

    ཚད་ལྡན་ཞེས་པའང་སྐད་བརྡའི་ཆོས་ཉིད་དང་མཐུན་ཞིང་བུ་ཡིག་གི་སྒྱུ་རྩལ་མཚོན་ཐབས་དང་མཐུན་དགོས། འདི་ནི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། གལ་ཏེ་མ་ཡིག་གི་སྐད་བརྡའི་ཆོས་ཉིད་དང་སྒྱུ་རྩལ་མཚོན་ཐབས་གཙོ་བོར་བྱས་ནས་བུ་ཡིག་ཏུ་བསྒྱུར་ན། སྐད་བརྡའི་སྦྱོར་བ་གོ་བདེ་པོ་མེད་པ་མ་ཟད་སྐད་ཆ་སྐམ་མཁྲེགས་ཅན་དུ་གྱུར་ཉེན་ཡོད་པས། ནང་དོན་ལ་གོ་བ་ལེན་རྒྱུར་ཐད་ཀར་དཀའ་ཁག་བཟོ་ཡི་ཡོད། ཡང་དག་ཅེས་པ་ནི་སྐད་བརྡ་སྤྱོད་སྟངས་ཡང་དག་དང་མ་ཡིག་ལ་གོ་བ་ལེན་སྟངས་ཡང་དག་པར་གོ་བ་ཡིན། ཡིག་སྒྱུར་མཁན་གྱིས་མ་ཡིག་གི་མི་སྣའི་གཤིས་ཀར་དོ་སྣང་བྱེད་པ་ཙམ་མ་ཟད། སྐད་ཆ་ཤོད་སྟངས་དང་སྐད་གདངས་དྲག་ཞན་སོགས་ལའང་དོ་སྣང་བྱེད་དགོས་ལ་ངེས་པར་དུ་ཁ་གཏད་རང་བཞིན་དགོས་པ་ལས་རྒྱུག་པ་ལེབ་རྡུང་བྱེད་མི་རུང་། དེ་ལྟར་རྒྱུན་འཁྱོངས་ཐུབ་ན་དེ་བས་འོས་འཚམ་དང་དེ་བས་འབུར་དུ་ཐོན་པའི་གཤིས་ཀ་མཚོན་པའི་ཚིག་སྦྱོར་རྙེད་ཐུབ། སྐད་བརྡ་ནི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་གྱི་ཟུངས་ཁྲག་ལྟ་བུ་ཡིན་ལ་སྐད་བརྡ་ལེགས་པར་སྤྱོད་ཐུབ་ཚེ་ཟུངས་ཁྲག་དང་ལྡན་པའི་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་ཐུབ། སྐད་བརྡའི་སྤྱོད་ཐབས་ཀྱིས་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་ནང་གལ་ཆེའི་གནས་བབ་བཟུང་ཡོད།

    མདོར་ན། བརྗོད་བྱ་གཙོ་བོ་དེ་འཁྲབ་ཚན་གྱི་བླ་སྲོག་ལྟ་བུ་དང་། མི་སྣ་ནི་འཁྲབ་ཚན་གྱི་གློ་སྙིང་ལྟ་བུ། སྐད་བརྡ་ནི་འཁྲབ་ཚན་གྱི་ཟུངས་ཁྲག་ལྟ་བུ་ཡིན་པས་གྲུབ་ཆ་དེ་གསུམ་ཕན་ཚུན་དམ་དུ་འབྲེལ་ཞིང་། ཕན་ཚུན་ཚོད་འཛིན་གྱིས་གནས་ཡོད་སྟབས་གང་ཡང་དོར་དུ་མི་རུང་བའི་གཅིག་གྱུར་རང་བཞིན་ཞིག་ཆགས་ཡོད། བརྗོད་བྱ་དང་མི་སྣ། སྐད་བརྡ་གསུམ་མ་ཡིག་དང་མཐུན་ཞིང་འཚམ་ལ། ཡང་དག་གོ་བདེའི་ངང་ནས་བསྒྱུར་ཐུབ་ན་འདི་ཉིད་འཁྲབ་ཚན་ཡིག་སྒྱུར་གྱི་ཁ་ཕྱོགས་དང་ཡོངས་སུ་མཐུན་པ་ཡིན།

    (བོད་ལྗོངས་གློག་བརྙན་ཀུང་སིའི་སྒྲ་སྒྱུར་ཚན་པའི་དབྱངས་ཅན་ལྷ་མོ)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།