[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • བོད་སྐད་འཁྲབ་ཚན་ཡིག་སྒྱུར་ཁྲོད་ཀྱི་འགལ་བ་སེལ་ཐབས་ལ་རགས་ཙམ་དཔྱད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-27

    འཁྲབ་གཞུང་ཡིག་སྒྱུར་དང་དངོས་གཞིའི་སྒྲ་སྦྱོར་ནི་ཕྱོགས་གཅིག་ནས་བཤད་ན་ཁ་བྲལ་ཐབས་མེད་པ་དང་། ཕྱོགས་གཞན་ཞིག་ནས་བཤད་ན་དེ་གཉིས་དབར་ཁྱད་པར་ཆེན་པོ་ཡོད་པས། སྤྱིར་བཏང་གི་ཡིག་སྒྱུར་གྱི་རྩ་དོན་དང་སྒྱུར་ཐབས་ལ་བརྟེན་ནས་བསྒྱུར་བའི་བུ་ཡིག་དེས་སྒྲ་སྦྱོར་གྱི་རེ་བ་སྐོང་མི་ཐུབ་པའི་གནས་ཚུལ་རྒྱུན་དུ་ཐོན་གྱི་ཡོད། དེས་ན། འདིར་ཁོ་བོས་འཁྲབ་གཞུང་ཡིག་སྒྱུར་དང་སྒྲ་སྦྱོར་གཉིས་ཟུང་འབྲེལ་བྱས་ནས་བོད་སྐད་འཁྲབ་ཚན་ཡིག་སྒྱུར་ཁྲོད་ཀྱི་འགལ་བ་ཁག་གསུམ་ལ་རགས་ཙམ་དཔྱད་པར་བྱ།

    དང་པོ། བོད་སྐད་ཀྱི་རིང་ཐུང་དང་མི་སྣའི་མཆུ་ཏོའི་འགུལ་ཡུན་དབར་གྱི་འགལ་བ་སེལ་དགོས།

    འདིར་བཤད་པའི་མཆུ་ཏོའི་འགུལ་ཡུན་ཞེས་པ་ནི། འཁྲབ་ཚན་ནང་གི་མི་སྣས་མ་སྐད་རྒྱ་སྐད་དམ་དབྱིན་སྐད་སོགས་བཤད་པའི་དུས་ཚོད་ཀྱི་རིང་ཐུང་དེར་བརྗོད་པ་ཡིན་ཞིང﹙འདིར་གཙོ་བོ་རྒྱ་སྐད་དང་བོད་སྐད་བསྡུར་ནས་དཔྱད་པ་ཡིན﹚འཁྲབ་ཚན་ཞིག་བོད་སྐད་ནས་སྒྲ་སྦྱོར་བྱེད་སྐབས་བོད་སྐད་ཤོད་ཡུན་དེ་འཁྲབ་ཚན་ནང་གི་མི་སྣའི་མ་སྐད་ཀྱི་དུས་ཡུན་དང་དུས་ཅིག་ཅར་ཡོང་བ་བྱེད་དགོས། འོན་ཀྱང་སྒྲ་སྦྱོར་སྐབས་བསྒྱུར་བྱའི་སྐད་དང་སྒྱུར་བྱེད་སྐད་ཀྱི་ཁའི་གདངས་བཙུམ་ཡོངས་སུ་མཐུན་ཐབས་བྲལ་བས། བསྒྱུར་བྱའི་སྐད་ཀྱི་དུས་ཡུན་གཞིར་བཟུང་མ་ཡིག་གི་ནང་དོན་སྟོན་སྐབས། ཐ་སྙད་མི་འདང་བའམ་ཡང་ན་ཐ་སྙད་མང་དྲགས་པའི་གནས་ཚུལ་ཐོན་སྲིད་པས། དུས་རྒྱུན་མཐོང་མྱོང་བའི་འཁྲབ་ཚན་འགྱུར་མའི་ནང་གི་མི་སྣའི་སྐད་ཆ་རྣམས་གཅིག་ནས་ནང་དོན་གནད་ལ་འཁེལ་བ། གཉིས་ནས་མཆུ་ཏོའི་འགུལ་ཡུན་བསྒྱུར་བྱའི་སྐད་དང་མཐུན་པ། གསུམ་ནས་མི་སྣའི་ཡན་ལག་གི་འགུལ་ཕྱོགས་དང་སྒྱུར་བྱེད་སྐད་ཆའི་ནང་དོན་མཚུངས་པ་བཅས་ཇི་ལྟར་གྲུབ་པ་ཡིན་ནམ་ཞེ་ན། སྤྱིར་བཏང་བྱས་ན། བསྒྱུར་བྱ་དང་སྒྱུར་བྱེད་སྐད་གཉིས་ཀྱི་རིང་ཐུང་ལ་ཁྱད་པར་དེ་ཙམ་ཆེན་པོ་མེད་ཚེ། སྒྲ་སྦྱོར་སྐབས་མི་སྣའི་ཁའི་འགུལ་ཚུལ་དང་བསྟུན་ནས་བརྗོད་པ་བདེ་རུ་བཏང་ན་འགྲིག དེ་ལྟར་མིན་ཚེ། སྒྲ་སྦྱོར་བ་རྣམས་ལ་ལོ་ཙྭ་བའི་སྣང་བའི་ཡུལ་ལ་ཡང་མེད་པའི་དཀའ་ངལ་འཕྲད་སྲིད།

    གློག་བརྙན་པར་གཞི་མི་འདྲ་བར་སྐད་ཆའི་མགྱོགས་ཚད་འདྲ་གི་མེད་ལ། གློག་བརྙན་པར་གཞི་གཅིག་གི་ནང་མི་སྣ་སོ་སོའི་སྐད་ཆའི་མགྱོགས་ཚད་ཀྱང་གཅིག་པ་མིན། དེས་ན། ལོ་ཙཱ་བས་བསྒྱུར་བྱའི་སྐད་ཀྱི་ཚིག་རྐང་ཇི་མ་ཇི་བཞིན་ཐད་སྒྱུར་བྱ་མི་རུང་། གལ་ཏེ་ང་ཚོས་རྒྱ་སྐད་མ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་བོད་ཡིག་ལ་ཕབ་ན་འཁྲབ་གཞུང་གི་མི་སྣའི་སྐད་དང་བསྡུར་ན་བསྒྱུར་ཡིག་གི་ཚིག་མང་དྲགས་ཏེ་མཆུ་ཏོའི་འགུལ་ཡུན་ལ་རྗེས་ཟིན་གྱི་མེད། ཡང་སྐབས་རེ་བོད་ཡིག་གི་ཚིག་འབྲུ་རྒྱ་སྐད་ལས་ཉུང་བའི་གནས་ཚུལ་ཐོན་ཏེ་མི་སྣའི་མཆུ་ཏོ་འགུལ་ཡུན་སྟོང་པར་ལུས་ཀྱི་ཡོད། གོང་གི་སྣང་ཚུལ་དེ་རིགས་བོད་སྐད་འཁྲབ་ཚན་གྱི་སྒྱུར་བཟོའི་བརྒྱུད་རིམ་ནང་ཐོན་དང་ཐོན་བཞིན་ཡོད། དེར་བརྟེན། གནད་དོན་དེ་དག་ཐག་གཅོད་ཡག་པོ་ཐུབ་མིན་གྱི་འགག་རྩ་དེ་འཁྲབ་གཞུང་ལོ་ཙཱ་བ་དང་འབྲེལ་བ་ཆེན་པོ་ཡོད་པས། འཁྲབ་གཞུང་ལོ་ཙཱ་བས་རབ་བྱུང་ན་གློག་བརྙན་པར་གཞིར་ལྟ་གིན་དུ་བསྒྱུར་ན་ཧ་ཅང་ལེགས། གཞན་ཡང་ལོ་ཙཱ་བས་ངེས་པར་དུ་མ་ཡིག་གི་འགག་རྩའི་ནང་དོན་དང་སྐད་ཆའི་གོང་འོག་གི་འབྲེལ་བར་དམ་འཛིན་ཡག་པོ་བྱ་དགོས་ལ། མ་ཡིག་གི་བསྟན་དོན་སྤྱི་ཡོངས་ལའང་གནོད་སྐྱོན་མ་ཐེབས་པ་བྱེད་དགོས། 

    གཉིས་པ། ཐད་སྒྱུར་དང་དོན་སྒྱུར་གཉིས་དབར་གྱི་འགལ་བ་སེལ་དགོས།

    “ཐད་སྒྱུར”ཞེས་པ་ནི་མ་ཡིག་གི་སྐད་ཆ་དག་གོ་རིམ་བཞིན་དུ་བསྐྱར་མཚོན་བྱས་ནས་མ་ཡིག་གི་སྐད་ཆའི་སྒྲིག་གཞིའི་ཁྱད་ཆོས་རང་སོར་བཞག་པ་ལ་ཟེར། “དོན་སྒྱུར་”ནི་མ་ཡིག་གི་སྐད་ཆའི་ཁྱད་ཆོས་རང་སོར་འཇོག་མི་དགོས་པར། མ་ཡིག་གི་བརྗོད་བྱའི་ཚིག་དོན་དག་རྗོད་བྱེད་སྐད་ཡིག་གི་རྣམ་པ་ནས་མཚོན་པར་བྱེད་པ་སྟེ། མ་ཡིག་གི་གཞི་རྩའི་དོན་སྙིང་དང་མཐུན་པར་བྱེད་པ་ལ་ཟེར།

    དོན་སྒྱུར་གྱི་དམིགས་ཡུལ་ནི་མ་ཡིག་གི་བརྗོད་བྱའི་ནང་དོན་གསལ་བར་སྟོན་གྱི་ཡོད་པས་ན། སྒྱུར་ཡིག་གི་སྐད་ཡིག་ལ་འགྱུར་ལྡོག་ཆེ་ཙམ་འགྲོ་བ། དཔེར་ན། གློག་བརྙན་འཁྲབ་གཞུང་ཞིག་གི་ཁ་བྱང《88995》ཞེས་ཨང་གྲངས་རྐྱང་པས་གོ་དོན་མཚོན་པར་བྱས་ཤིང་། འཁྲབ་ཚན་འདི་ཡི་ནང་ཕྲུ་གུ་ཞིག་གིས་རང་གི་པ་ཕར“པཱ་ལགས། ང་སྐྱོབ་རོཌ”ཞེས་པའི་བརྡ་གཏོང་གི་ཡོད། རྒྱ་སྐད་ནང“88995”ཞེས་པ“爸爸救救我”ཞེས་པར་གོ་བརྡ་འཕྲོད་ཐུབ་ཀྱི་ཡོད། འོན་ཀྱང་བོད་སྐད་དུ་ཐད་ཀར“88995”ཞེས་བསྒྱུར་ཚེ། ཨང་ཀི་ཙམ་ལས་གོ་རྒྱུ་གཞན་གང་ཡང་མེད། རྗེས་སུ་འཁྲབ་ཚན་འདི་དངོས་སུ་སྒྲ་སྦྱོར་་སྐབས། དོན་སྒྱུར་བྱེད་ཐབས་སྤྱད་ནས་གློག་བརྙན་གྱི་ཁ་བྱང་དུ“པཱ་ལགས། ང་སྐྱོབ་རོགས་”ཞེས་པར་བསྒྱུར་བས་མ་ཡིག་གི་གོ་དོན་གསལ་པོ་བྱུང་ཡོད་པ་རེད།

    ཐད་སྒྱུར་དང་དོན་སྒྱུར་གཉིས་ནི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་སྒྱུར་སྐབས་རྒྱུན་དུ་སྤྱོད་པའི་ཐབས་ཤེས་ཤིག་ཡིན་པ་དང་། ཐད་སྒྱུར་དང་དོན་སྒྱུར་གཉིས་ནི་ཤ་བར་ཁྲག་རྭ་དང་གླ་བར་གླ་རྩིའི་དཔེ་ལྟར་རང་སོ་སོའི་དགེ་མཚན་ལྡན་ཡོད། ང་ཚོས་ཡིག་སྒྱུར་སྐབས། སྤྱིར་བཏང་ཐད་སྒྱུར་བྱེད་མང་བས། “མ་ཡིག་གམ་བསྒྱུར་བྱའི་གཏམ་གླེང་གི་སྐད་ལུགས་ཀྱི་ཁྱད་ཆོས་ཡོངས་རྫོགས་རང་སོར་འཇོག་པའི”ཕན་ནུས་ཡག་པོ་ཐོན་གྱི་ཡོད། དེའི་རྨང་གཞིའི་ཐོག་བབ་བསྟུན་གྱིས་དོན་སྒྱུར་བྱས་ཚེ་དོན་རྟོགས་དཀའ་བའི་ཚིག་དག་གོ་བདེ་བར་གྱུར་ངེས་ཡིན། དེས་ན། ཐད་སྒྱུར་དང་དོན་སྒྱུར་གཉིས་བབ་བསྟུན་གྱིས་བེད་སྤྱོད་གཏོང་བ་ནི་ལོ་ཙཱའི་ལག་ལེན་ཁྲོད་དུ་དོ་སྣང་བྱེད་དགོས་པའི་ཞིབ་ཕྲའི་གནད་དོན་ཞིག་རེད།

    གསུམ་པ། སྒྱུར་བྱེད་ཚིག་གི་སྔ་ཕྱི་དང་འཁྲབ་མིའི་སྐད་ཆ་ཤོད་སྟངས་དབར་གྱི་འགལ་བ་སེལ་དགོས།

    ནང་དོན་གཅིག་སྐད་ཡིག་མི་འདྲ་བས་མཚོན་སྐབས། ཚིག་སྦྱོར་སྔ་ཕྱིའི་གོ་རིམ་མི་འདྲ་བ་ཡོད་པ་མ་ཟད། འཁྲབ་མཁན་གྱི་མིག་བརྡ་དང་། རྣམ་འགྱུར་སོགས་ཤེལ་ངོས་ཀྱི་སྣང་བརྙན་དང་གཏམ་བརྗོད་ཀྱི་གོ་རིམ་དབར་འབྲེལ་བ་དམ་ཟབ་ཡོད། དཔེར་ན། རྒྱའི་སྐད་ཡིག་དང་དབྱིན་སྐད་ཀྱི་བརྗོད་པའི་གཞི་རྩའི་གྲུབ་ཆའི་གོ་རིམ་ནི་བྱེད་པ་པོ་དང་། བྱ་ཚིག བྱ་བའི་ཡུལ་བཅས་ཡིན་པ་དང་། བོད་སྐད་ཡིག་གི་བརྗོད་པའི་གྲུབ་ཆ་སྤྱིར་བཏང་བྱེད་པ་པོ་དང་། བྱ་བའི་ཡུལ། བྱ་ཚིག་བཅས་རེད། སྤྱིར་བཏང་གི་གནས་ཚུལ་འོག་བོད་སྐད་ཡིག་གི་བརྗོད་པའི་གོམས་གཤིས་ལྟར་སྒྱུར་ཡིག་གི་ཚིག་སྦྱོར་སྔ་ཕྱི་སྒྲིག་དགོས། འོན་ཀྱང་བརྙན་ཕབ་ཟློས་གར་ནི་སྒྲ་གཟུགས་གཉིས་ཟུང་དུ་སྦྲེལ་བའི་སྒྱུ་རྩལ་ཞིག་ཡིན་སྟབས། ཟློས་གར་ནང་གི་མི་སྣའི་ཕྱག་རྒྱ་དང་། རྣམ་འགྱུར། པར་ལེན་བྱས་པའི་པར་གཞི་བཅས་དང་འཁྲབ་མཁན་གྱི་སྐད་ཆའི་ཚིག་སྦྱོར་སྔ་ཕྱི་དང་འབྲེལ་བ་དམ་ཟབ་ཡོད། གལ་ཏེ་སྒྲ་སྦྱོར་བས་བོད་སྐད་ཀྱིས་སྒྲ་སྦྱོར་སྐབས་སྐད་ཆའི་ཚིག་སྦྱོར་གྱི་སྔ་ཕྱི་དང་མ་ཡིག་གཅིག་མཚུངས་མ་བྱུང་ཚེ། སྒྲ་གཟུགས་གཉིས་གཅིག་མཚུངས་མིན་པའི་གནས་ཚུལ་ཐོན་པས། གཟིགས་མོ་བར་གློག་བརྙན་འཁྲབ་སྟོན་པ་དེ་འཁྲབ་མཁས་པོ་མེད་པའམ་ཡང་ན་སྒྲ་སྦྱོར་བ་དེས་འཁྲབ་གཞུང་གི་མི་སྣ་དེའི་གཟུགས་བརྙན་འཛད་འདུག་སྙམ་པ་སོགས་མཐོང་ཐོས་གང་གི་ཆ་ནས་ཀྱང་མི་མཛེས་པའི་སྣང་བ་ཞིག་སྟེར་གྱི་ཡོད། གནད་དོན་དེ་རིགས་ཐག་གཅོད་ཇི་ལྟར་བྱེད་དགོས་ཞེ་ན། གློག་བརྙན་དང་བརྙན་འཕྲིན་འཁྲབ་གཞུང་གི་སྐད་ཆ་སྤྱིའི་ཆ་ནས་ཁ་སྐད་སྤྱད་ནས། སྒྱུར་ཡིག་གི་ཚིག་སྦྱོར་སྔ་ཕྱིར་འོས་འཚམ་གྱིས་ལེགས་སྒྲིག་བྱེད་དགོས།

    (བོད་ལྗོངས་གློག་བརྙན་ཀུང་སིའི་སྒྲ་སྒྱུར་ཚན་པའི་དབྱངས་ཅན་ལྷ་མོ)

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།