[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ང་ཡི་མེས་རྒྱལ། རླབས་ཆེན་གྱི་ཀྲུང་གོ

    རྒྱལ་སྟོན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   རྣམ་གླིང་རིན་ཆེན།    |    སྤེལ་དུས།   2018-09-30

    ཁྱེད་ནི་མཁའ་དབྱིངས་ཡངས་མོར་རང་དབང་ངང་ལྡིང་བའི་གཡུ་འབྲུག་ཅིག་ཡིན་ཏེ། ཁྱེད་ཀྱི་ངག་ནས་གྲགས་པའི་འཕོ་འགྱུར་གྱི་དབྱངས་རྟ་རེ་རེས། ནམ་མཁའ་འགུལ་ཞིང་ས་གཞི་འདར། ཁྱེད་ནི་འཛམ་གླིང་ས་ཡི་པང་དུ་འཁྲུངས་པའི་མཚར་སྡུག་གི་མེ་ཏོག་ཅིག་ཡིན་ཏེ། ཁྱེད་ཀྱི་ལང་ཚོའི་བཀྲག་མདངས་རེ་རེས། མི་རིགས་ལྔ་བཅུ་ང་དྲུག་གི་ཁྱིམ་ཚང་ཆེ་མོར་རྟེན་འབྲེལ་གྱི་མཛེས་པ་བསྣན། ཁྱེད་ནི་རྒྱ་མཚོ་ཆེ་མོའི་རུམ་དུ་སྦྲུམ་པའི་གསེར་ཉ་ཞིག་ཡིན་ཏེ། ཁྱེད་ཀྱི་ལྡེམ་མྱུར་གྱི་འོད་འཁྱུག་རེ་རེས། རྒྱ་མཚོ་ཆེ་མོར་ཚེ་སྲོག་གི་རང་མདངས་ངོམས། ཁྱེད་ནི་ངའི་མེས་རྒྱལ་ཏེ། རླབས་ཆེན་གྱི་ཀྲུང་གོ་ལགས།

    དགུང་སྔོན་གྱི་དབྱིངས་སུ་འཇའ་ལྟར་འཚེར་གྱིན་པ་ཁྱེད་ཡིན། ས་གཞིའི་ལྟེ་བར་མེ་བཞིན་འབར་གྱིན་པ་ཁྱེད་ཡིན། མཚོ་ཁའི་ཕང་བར་རྦ་རླབས་བཞིན་འཕྱུར་གྱིན་པ་ཁྱེད་ཡིན། ཁྱེད་ལ་ལྷོག་ལྷོག་ངང་ཁོལ་བཞིན་པའི་མཚར་སྡུག་གི་ལོ་རྒྱུས་ཡོད་ལ། འོད་སྟོང་འཕྲོ་བའི་མཐིང་མདོག་གི་རྨི་ལམ་ཡང་ཡོད། ཁྱེད་ནི་ངའི་མེས་རྒྱལ་ཏེ། རླབས་ཆེན་གྱི་ཀྲུང་གོ་ལགས།

    ཉི་མ་ལྟར་བྱམས་པའི་མ་ཡུམ་ཁྱེད་ཀྱི་དྲོད་ཁོལ་རེ་རེས། མི་རིགས་ལྔ་བཅུ་ང་དྲུག་གི་ཕུ་ནུ་མིང་སྲིང་རྣམས་ཆར་རྗེས་ཀྱི་སྨྱུག་རྩ་ཇི་བཞིན་ཚེ་སྲོག་གི་རྩ་བ་ཚུགས་ཤིང་། ལང་ཚོ་ཡི་ཁོ་ལག་རྒྱས། ཁྱེད་ཀྱི་རུམ་ཁར་ལང་ཚོ་རྒྱས་པའི་ཕུ་ནུ་མིང་སྲིང་ཚོས། མ་ཡུམ་ཁྱེད་ཀྱི་པང་ཁར་འཁྱུད་དེ། བདེ་སྐྱིད་ཀྱི་མེ་ཏོག་མཁའ་ལ་གཏོར་ཞིང་། སྙན་པའི་འགྱུར་ཁུག་དབྱངས་རྟར་དྲངས། དེ་ནི་འབྲུག་སྟོང་དུས་གཅིག་ལྡིར་བ་ལྟ་བུའི་ང་རོ་སྟེ། དུས་རབས་ཉེར་གཅིག་གི་འཛམ་གླིང་གི་ཏོག་ཏུ་འགྲེང་བའི་ང་ཚོའི་འཕོ་འགྱུར་གྱི་འབོད་སྒྲ་རེད། དབུལ་སྒྲོལ་ཕྱུག་འགྱུར་གྱི་གཏམ་བཟང་རེད། ཞི་མཐུན་བརྟན་ལྷིང་གི་སྙན་དབྱངས་རེད། རྨོངས་སད་བྱུང་བའི་ཅོང་སྒྲ་རེད། ལག་གདང་གཅིག་ཏུ་འབྲེལ་ནས་མདུན་དུ་སྐྱོད་བཞིན་པའི་མཐུན་སྒྲིལ་གྱི་གོམ་སྒྲ་རེད་ཡྰ།

    ཁྱེད་ནི་འདབ་སྟོང་ལྷུག་པོར་གྲོལ་བའི་མེ་ཏོག་ཅིག་ཡིན་ན། ང་ནི་ཁྱེད་ཀྱི་ཟེའུ་འབྲུ་ལ་ཆགས་པའི་གཡུ་སྦྲང་གི་བུང་བ་དེ་ཡིན། ཁྱེད་ནི་སྔོ་བསངས་ནམ་མཁར་རྒྱུ་བའི་རྟ་བདུན་གྱི་དབང་པོ་དེ་ཡིན་ན། ང་ནི་ཁྱེད་ཀྱི་དྲོད་ཁོལ་ལ་ཆགས་པའི་མེ་ཏོག་པད་མ་དེ་ཡིན། ཁྱེད་ནི་མཚན་གུང་སྐར་ཚོགས་ཁྲོད་ཀྱི་རྒྱུ་སྐར་རྒྱལ་པོ་དེ་ཡིན་ན། ང་ནི་ཁྱེད་ཀྱི་འོད་ཟེར་ལ་ཞེན་པའི་མེ་ཏོག་ཀུ་མུད་དེ་ཡིན། ཁྱེད་ཀྱི་བྱམས་བརྩེའི་དྲོད་ཁོལ་དང་འོད་ཀྱི་ཟེགས་མ་རེ་རེས། ང་ཚོའི་ལུས་ལ་ཡར་རྒྱས་ཀྱི་འཕར་རྩ་རྒྱས་ཤིང་། ང་ཚོའི་མདུན་སྐྱོད་ཀྱི་ལམ་བུར་འོད་ཀྱི་སྣང་བ་སྦྱིན་བཞིན་ཡོད་པ་མ་ཡིན་ནམ།

    དེ་རིང་། བཀྲ་ཤིས་རྟེན་འབྲེལ་གྱི་ཉིན་མོར། ང་ཚོས་དཀར་གཙང་གི་མཇལ་དར་མཐོན་པོར་བཀྱགས་ཏེ། སྙན་པའི་གླུ་དབྱངས་ལེན་པ་དང་། སྐྱིད་པའི་ཞབས་བྲོ་འཁྲབ་ནས། ཁྱེད་ཀྱི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ། ང་ཡི་མེས་རྒྱལ། རླབས་ཆེན་གྱི་ཀྲུང་གོ་ལགས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།