[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • མཐའ་མཇུག་གི་ལོ་མ་རྐང་གཅིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཨོ་ཧེན་རུད་ཀྱིས་བརྩམས། ལྕང་བུ་ཆུང་གིས་བསྒྱུར།    |    སྤེལ་དུས།   2018-10-30

    (གཟའ་འཁོར་གོང་མའི་འཕྲོ)

    སཱུ་སཱུ་ཡིས་གཏེར་འདོན་པ་རྒན་གྲས་ཀྱི་འདྲ་གཟུགས་འབྲི་འགོ་འཛུགས་དགོས་སྟབས། ཤོད་དུ་རི་མོ་བ་རྒན་གྲས་པོར་མན་དང་གྲོས་བསྡུར་བྱེད་པར་སོང་། གྲོས་བསྡུར་བྱེད་ཀྱིན་བྱེད་ཀྱིན་དུ། ཁོང་གཉིས་པོས་ཆའོ་ཆའོ་ཡི་ནད་གཞིའི་སྐོར་གླེང་འགོ་ཚུགས། པོར་མན་གྱིས“ཆའོ་ཆའོ་བུ་མོ་ཡག་པོ་ཞིག་རེད། མོ་རང་གློ་ཚད་ཀྱི་ནད་ལས་མི་ཐར་བ་བྱེད་མི་སྲིད། ཁྱེད་གཉིས་དངོས་གནས་སྙིང་རྗེའི་ཡུལ་དུ་གྱུར་བ་ཞིག་འདུག སྒུགས་ཤིག ནམ་ཞིག་ངས་ཕུལ་དུ་བྱུང་བའི་བརྩམས་ཆོས་ཤིག་བྲིས་ཟིན་ན། ང་རི་མོ་བ་གྲགས་ཅན་ཞིག་ཏུ་འགྱུར་བ་མ་ཟད། དངུལ་ལ་ཡང་ཐོགས་པ་ཡོད་མི་སྲིད་པས། ང་ཚོ་འདི་ནས་སྤོ་ཆོག ངས་ཁྱེད་གཉིས་ལྟ་བཟོ་ཡོད་པའི་ཁང་པར་སྤོས་ནས་སེམས་ལྷོད་ལྷོད་ངང་རི་མོ་འབྲི་རུ་འཇུག་གི་ཡིན”ཞེས་བཤད།

    སཱུ་སཱུ་ཡིས“ཆའོ་ཆའོ་ཡི་གདོང་གཤིས་ཧ་ཅང་སྐྱོ་པོ་འདུག ཕལ་ཆེར་ནད་འདི་ལས་ཐར་ཨེ་ཡོང་བསམ་གྱིས། ཁོ་མོས་ཁ་སྤྲོད་གྱང་ངོས་ཀྱི་ཤིང་སྡོང་དེའི་ལོ་མ་ཚང་མ་ཟག་ཟིན་ཚེ། མོ་རང་ཡང་མི་ཡུལ་དང་ཁ་བྲལ་ངེས་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག”ཅེས་བཤད། པོར་མན་གྱིས“གང་བྱུང་མ་ཤོད། ཁོ་མོས་བཤད་པར་ཡིད་ཆེས་མ་བྱེད། ཏག་ཏག་རེད། རང་གིས་ང་སྐད་བཏང་ནས་འདྲ་གཟུགས་འབྲི་མཁན་མ་ཡིན་ནམ། དེ་ལས་ང་ཚོ་ཐོག་ཁར་རི་མོ་འབྲི་གར་འགྲོ”ཞེས་བཤད།

    པོར་མན་དང་སཱུ་སཱུ་ཐོག་ཁར་སླེབས་ནས་ཁ་སྤྲོད་ཀྱི་ཤིང་སྟོང་དེའི་སྟེང་གི་ལོ་མ་ལྔ་པོ་དེ་དག་ཆར་རླུང་གི་ཁྲོད་དུ་ཕར་གཡོ་ཚུལ་གཡོ་བྱེད་བཞིན་ཡོད་པ་མཐོང་། ཕྱི་ལོགས་སུ་དྲག་རླུང་འུར་འུར་དུ་ལྡང་ཞིང་། ཆར་པ་ཤག་ཤག་ཏུ་འབབ་ཀྱི་ཡོད་པས། ལོ་མ་ལྔ་པོ་དེ་དག་མཚན་མོ་འདིར་གར་སོང་ཆ་མེད་དུ་འགྱུར་རྒྱུར་ཐེ་ཚོམ་ཅི། ཁོ་གཉིས་ཀྱིས་སྣང་ཚུལ་དེ་མཐོང་བ་དང་དངངས་སྐྲག་དང་སྐྱོ་སྣང་འདྲེས་མས་སེམས་ཀྱང་གྲང་ཅང་ཅང་དུ་གྱུར། པོར་མན་མདུན་ཕྱོགས་སུ་བསྡད་ནས་འདྲ་གཟུགས་ཀྱི་རྣམ་པ་བཏོན་ཏེ། སྨྲ་བ་མེད་པར་སྒམ་བརླིང་གི་ཚུལ་འཛིན་པར་བལྟས་ན་དོན་དག་གལ་ཆེན་ཞིག་ལ་མནོ་བསམ་གཏོང་བཞིན་ཡོད་པ་འདྲ། ཡུན་རིང་མ་སོང་བར། ཁོང་གི་མིག་ཟུང་ལས་གློ་བུར་དུ་གྲུང་ཤ་རྒྱས་ཤིང་གདོང་ལས་བརྗོད་མི་ཤེས་པའི་མདངས་ཤིག་འཚེར། སཱུ་སཱུ་ཡིས་པོར་མན་གྱི་མཐོང་དཀོན་པའི་ཉམས་མདངས་ལ་དོ་སྣང་བྱུང་སྟེ་སེམས་ལ་ཡ་མཚན་ཆེན་པོ་སྐྱེས་ཀྱང་། ཡང་སྙིང་དོན་གང་ཞིག་བྱུང་མིན་ཆ་མི་འཚལ་བར་ལུས། 

    ཉིན་གཉིས་པའི་ཞོགས་པར། ཆའོ་ཆའོ་གཉིད་ལས་སད་མ་ཐག་ཤིང་སྡོང་གི་ལོ་མར་ལྟ་ཆེད་སཱུ་སཱུ་ལ་སྒེའུ་ཁུང་གི་ཁྲ་ཡོལ་ཕྱེ་རུ་བཅུག ཁྲ་ཡོལ་ཕྱེ་མ་ཐག་མཚན་གང་ཆར་རླུང་གི་འཇིགས་པའི་ཁྲོད་དུ་གནས་པའི་ལོ་མ་དེ་དག་ཚང་མ་ཟག་མེད་པར་མཐའ་མཇུག་གི་ལོ་མ་གཅིག་སྔར་བཞིན་ཤིང་སྡོང་གི་ཡལ་གར་དམ་དུ་འབྲེལ་ཡོད་པ་ཁོ་གཉིས་ཀྱིས་དུས་གཅིག་ཏུ་མཐོང་བས། སཱུ་སཱུ་སེམས་ཅུང་ཟད་ལྷོད་ལ་བབས། ཡིན་ནའང་། ཆའོ་ཆའོ་ཡིས“མཐའ་མཇུག་གི་ལོ་མ་འདི་དོ་དགོང་མི་འཁྱོལ་བ་གཏན་འཁེལ་རེད། སང་ཉིན། དེ་ས་ལ་ཟག་པ་དང་། ང་ཡང་འགྲོ་རྒྱུ་རེད། དེ་ནས་བཟུང་། ཐམས་ཅད་མཇུག་འགྲིལ་བ་རེད། ང་ལ་ཞེན་ཆགས་བྱེད་ས་གང་ཡང་མེད”ཅེས་བཤད། སྐད་ཆ་དེ་ཐོས་རྗེས་སཱུ་སཱུ་ཡི་སེམས་པ་དགུན་གྱི་ཆུ་བོ་བཞིན་འཁྱག་པས་བཏུམས་སོ།

    སླར་ཡང་དྲག་ཆར་རླུང་འཚུབ་ཀྱིས་གཙེས་པའི་མཚན་མོ་ཞིག་བརྒྱུད་རྗེས། མལ་ལས་གཉིད་སད་པའི་ཆའོ་ཆའོ་ཡིས་སཱུ་སཱུ་ལ་ཁྲ་ཡོལ་འབྱེད་དུ་བཅུག སཱུ་སཱུ་ཡིས་སྙིང་ཁ་དབྱུག་བཞིན་དུ་ཁྲ་ཡོལ་ཕར་ཕྱེས། མཐའ་མཇུག་གི་ལོ་མ་གཅིག་པོ་དེ་སྔར་བཞིན་ཤིང་སྡོང་གི་ཡལ་གར་དམ་པོར་འབྲེལ་ནས་སྲ་བརྟན་གྱིས་གསོན་ཡོད་པས། དེ་མ་ཐག་སཱུ་སཱུ་དགའ་ངུ་ཤོར་ཞིང་། ཆའོ་ཆའོ་ཧོན་འཐོར་ནས་ལུས།

    དེ་ནས་བཟུང་། ཆའོ་ཆའོ་ཡི་སྐམ་ཞིང་རིད་པའི་གདོང་གསོས་འགོ་ཚུགས་པ་མ་ཟད། ལུས་ལ་ཤུགས་ཀྱང་སྐྱེས། ཁོ་མོས“ང་ནི་མཐའ་མཇུག་གི་ལོ་མ་གཅིག་པོ་དེ་ནང་བཞིན་ཆར་རླུང་གི་འཇིགས་པས་གནོད་མི་འགྱུར”ཞེས་བཤད་པ་དང་། མུ་མཐུད་དེ“སཱུ་སཱུ། ཉི་མ་འདི་དག་རིང་། རང་དཀའ་ལས་ཁག་སོང་། ང་བུ་མོ་ལས་ངན་ཞིག་གིས་རང་ལ་མནར་གཅོད་ཚད་མེད་བཏང་སོང་། མགྱོགས་པོ་ང་ལ་ཤེལ་སྒོ་གཡར་དང་། ངས་རྣམ་པ་ཡག་པོ་བཟོས་ནས་དགའ་སྤྲོའི་ངང་འཚོ་བར་རོལ་གྱི་ཡིན། མ་ཟད་ནད་གཞི་ཡོངས་སུ་དྲག་སྐྱེད་བྱུང་བ་དང་ང་དབྱི་ཐ་ལིར་མཛེས་ལྗོངས་རི་མོ་འབྲི་གར་འགྲོ་ཡི་ཡིན”ཞེས་བཤད།

    སཱུ་སཱུ་ཡིས་ཆའོ་ཆའོ་ལ་བྱ་ཤའི་ཐང་ཞིག་བསྐོལ་བས། ཆའོ་ཆའོ་དགའ་ཐག་ཆོད་ནས་བྲོ་བ་ཞིམ་པོ་འདུག་ཅེས་ལན་དུར་བརྗོད། འདི་ལྟར་འཆམ་ཞིང་མཐུན་པའི་གྲོགས་མོ་གཉིས་ཀྱིས་དགའ་དགའ་སྤྲོའི་སྤྲོའི་ངང་ཉིན་གཅིག་ཕར་ལ་བསྐྱལ་བ་དང་། ཡང་བདེ་བདེ་ལྷོད་ལྷོད་ངང་མཚན་གཅིག་ཚུར་ལ་བསུས་པ་རེད།

    ཉིན་གཉིས་པའི་ཞོགས་པར། ཤོད་དུ་སོང་བའི་སཱུ་སཱུ་ཐོག་ཁར་ཡོང་ནས་ཆའོ་ཆའོ་ལ“ང་ལ་གཏམ་ངན་ཞིག་བཤད་རྒྱུ་ཡོད། ཤོད་ཀྱི་རི་མོ་བ་རྒན་གྲས་པོར་མན་གྲོངས་བཞག ཁོང་ལ་གློ་བའི་གཉན་ཚད་ཕོག་ནས་སྨན་ཁང་དུ་གྲོངས་འདུག ང་ད་ལྟ་ཤོད་དུ་འགྲོ་དུས། ཁང་བདག་གིས་མི་གླས་ནས་པོར་མན་གྱི་ནང་ཆས་ཟོག་རོ་དེ་དག་དབོར་དུ་བཅུག་སྟེ་ཁང་པ་གཞན་ལ་བོགས་མར་གཏོང་རྩིས་བྱེད་ཀྱིས། དངོས་གནས་མི་བཟང་པོ་དེ་འདྲ་ཞིག་མེད་པ་བྱེད་དུས། ང་ཚོ་ཚང་མ་སེམས་སྐྱོ་ངེས་རེད་འདུག”ཅེས་བཤད། རྒྱུན་དུ་སྙིང་རྗེ་ཆེ་བའི་ཆའོ་ཆའོ་ཡིས་པོར་མན་གྲོངས་པའི་གནས་ཚུལ་ཐོས་རྗེས། མིག་ཟུང་ལས་མཆི་མ་རྦབ་ཆུ་བཞིན་ལྷུངས། སཱུ་སཱུ་ཡིས་མུ་མཐུད་ནས“ཤིང་སྡོང་དེར་ལོ་མ་ལྔ་ལས་ལྷག་མེད་པའི་མཚན་མོ་དེར་ངས་རང་གི་གནས་ཚུལ་པོར་མན་ལ་བཤད་པ་ཡིན། ཉིན་གཉིས་པའི་ཞོགས་པར། བདེ་སྲུང་མི་སྣས་རྒྱབ་ཀྱི་སྒོ་རར་སར་འགྱེལ་བའི་སྐས་ཀ་དང་། ཚོན་ཕོར། སྤུ་སྨྱུག ཕག་སེ། ད་དུང་མེ་ཤི་ཟིན་པའི་སྣུམ་བཞུ་བཅས་མཐོང་བ་མ་ཟད། པོར་མན་གྱི་གཟུགས་པོ་ཡོངས་སྦངས་ནས་རྐང་ལག་གྲང་མོར་གྱུར་ཏེ་མལ་ཁྲིའི་སྟེང་དངན་པ་འཐེན་བཞིན་ཡོད་པ་མཐོང་། ཚང་མས་དྲག་ཆར་རླུང་འཚུབ་རྒོད་པའི་མཚན་མོ་དེར་པོར་མན་གང་དུ་སོང་མིན་མི་ཤེས་མོད། འོན་ཀྱང་། ངས་ཤེས་ཀྱི་ཡོད། ཁྱེད་རང་གིས་ཀྱང་ཤེས་ངེས་རེད། ཁྱེད་ཀྱི་ཆེད་དུ། ཁོང་གིས་མཐའ་མཇུག་གི་ལོ་མ་གཅིག་པོ་དེ་ལྷུངས་མ་ཐག ཆར་རླུང་ལ་མ་འཛེམས་པར་སྐས་ཀ་མཐོ་པོར་འཛེགས་ནས་གྱང་ངོས་སུ་ནམ་ཡང་ཟག་ཐབས་མེད་པའི་ལོ་མ་དེ་བྲིས་སོ། ཁྱེད་རང་གིས་དྲན་གསོས་ཀྱི་འདུག་གམ། ད་བར་ཁོང་གིས་ཕུལ་བྱུང་གི་བརྩམས་ཆོས་ཤིག་འབྲི་འདོད་ཡོད་པ་དེ་ད་ལྟ་དངོས་སུ་ལེགས་གྲུབ་བྱུང་བ་རེད། འོན་ཀྱང་། ཚང་མའི་བློ་ཡུལ་ལས་འདས་པ་ཞིག་ལ་ཕུལ་བྱུང་གི་བརྩམས་ཆོས་དེ་ཁྱིམ་མཚེས་ཀྱི་གྱང་ངོས་སུ་བྲིས་པ་རེད”ཅེས་བཤད། རྫོགས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།