[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • བུ་མོ་ཕན་ཐོགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   རྣམ་གླིང་རིན་ཆེན།    |    སྤེལ་དུས།   2018-10-30

    བུ་མོ་ཕན་ཐོགས། གཡོ་ཟོལ་གྱི་འཛུམ་བག་རྒྱང་དུ་སྤྱུགས་ཤིང་། ལྷག་བསམ་དང་བརྩེ་བ་དྲོན་མོ་རུམ་གང་ཁྱེར་ནས། ང་དང་ངའི་སྙན་ངག་གི་ཞིང་ས་གཤིན་པོར་མཛེས་སྡུག་གིས་བཞད་བྱུང་། བུ་མོ་ཕན་ཐོགས། ཁྲ་ཆིལ་གྱི་མིག་ཟུང་ཀློང་ནས། རེ་བ་དང་ཕུགས་འདུན་གྱི་རེ་ཁ་དགོད་ཅིང་། འབྱུང་འགྱུར་ལ་སྤྲོ་བ་དང་ཡིད་ཆེས་ཀྱི་འཇའ་འོད་འཛུམ། བུ་མོ་ཕན་ཐོགས། དྲིན་ཕ་མའི་གདམས་ངག་སྙིང་ཁར་གླན་ནས། ཤེས་བྱ་ཡི་འཇུག་ངོགས་ཡངས་མོར་རང་དབང་གི་རྐྱལ་རྩལ་ངོམས། 

    བུ་མོ་ཕན་ཐོགས། ང་དང་ངའི་མཁའ་དབྱིངས་ན་རང་དབང་གིས་ལྡིང་བའི་བྱེའུ་ཅོ་ཀ ང་དང་ངའི་སྙན་ངག་ལ་རོ་བཅུད་སྦྱིན་པའི་དུས་ཐོག་སྦྲང་ཆར། ངའི་སྐྱིད་སྡུག་སོག་ལེ་ཡི་མི་ཚེའི་དོ་རར་རྩེན་པ། དབྱར་ཟླ་དྲུག་པའི་མེ་ཏོག་ལྟ་བུའི་ཁྱེད་ཀྱི་བཞིན་དཔལ་ཏེ། འོད་ཞགས་འཁྱུག་པའི་ཁྱེད་ཀྱི་ཟུར་མིག་རེ་རེ་དང་། དབྱངས་རྟ་སྙན་མོའི་འགྱུར་ཁུག་བཞིན་འཇེབས་པའི་ཁྱེད་ཀྱི་ངག་ནས་འཁྲོལ་བའི་མཛའ་གཞས་རེ་རེ། ང་དང་ངའི་རྣ་ཡི་རྫིང་རིང་ཡངས་མོར་ནམ་ཡང་བྲག་ཅ་བཞིན་མཆེད་པའི་དབྱངས་ཅན་མགྲིན་གླུ། 

    བུ་མོ་ཕན་ཐོགས། སྤྱིར་བཏང་གི་བུ་མོ་ཕལ་པ་ཞིག ངུ་སྒྲ་དང་འགྲོགས་ནས་མི་ཡུལ་འདིར་བསླེབས་ཤིང་། བ་བེའུ་དང་ལྷན་དུ་འཚར་བའི་རོང་ཁུལ་གྱི་བྱིས་པ་རྣམ་དག་གཅིག བུ་མོ་ཕན་ཐོགས། ཀ་མད་སུམ་ཅུ་དབྱངས་རྟར་འགུགས་པའི་སློབ་མ་གྲུང་པོ་ཞིག ཕ་མ་བཟང་པོའི་བཀའ་སློབ་སྙིང་ཁར་གླན་ཞིང་། དགེ་རྒན་བཟང་པོའི་རྒྱུད་པ་ལས་མཆེད་པའི་བཤེས་གཉེན་བཟང་པོ་ཞིག བུ་མོ་ཕན་ཐོགས། སྔ་མོ་ནས་མལ་ལས་ལངས་ཏེ་སློབ་ཁྲིད་ཀྱི་བྱ་བར་གཞོལ་མཁན་གཅིག ཕུགས་འདུན་གྱི་གཤོག་སྒྲོ་རང་ལུས་ལ་ཐོགས་ཤིང་། ཡ་རབས་གཤིས་སྤྱོད་གཙང་བའི་བུ་མོ་སྙིང་ལ་རུས་པ་ཡོད་མཁན་ཅིག 

    བུ་མོ་ཕན་ཐོགས། བརྩེ་བ་མཁའ་དང་དུང་བ་མཚོ་ལ་འགྲན་པའི་བུ་མོ་དུང་སེམས་ཅན་གཅིག ལྷད་མེད་ཀྱི་གཤིས་ཀས་མི་སེམས་ལ་དྲོད་ཁོལ་སྦྱིན་ཞིང་། སླུ་མེད་ཀྱི་འཛུམ་མདངས་རྣལ་མས་གཞན་ཡིད་འགུགས་མཁན་གཅིག 

    བུ་མོ་ཕན་ཐོགས། བདག་གི་སྙིང་ཁར་མཛེས་སྡུག་གིས་བཞད་པའི་མེ་ཏོག་ཆུན་པོ། ངའི་ཕྱི་ནང་གསང་གསུམ་གྱི་སྙིང་གཏམ་མ་ལུས་འཆད་ཡུལ་ཁྱེད་ཡིན་ཞིང་། ངའི་དོན་ལྔ་སྣོད་དྲུག་གི་ཕྱི་མིག་འཕེན་སའི་དྲན་ཤིང་ཁྱེད་ཡིན། 

    བུ་མོ་ཕན་ཐོགས། ཁོ་བོའི་མི་ཚེའི་ཤུལ་ལམ་ཁྲོད་ཀྱི་ལམ་གྲོགས་ཡག་ཤོས་ཤིག དགའ་སྐྱོ་འདྲེས་མའི་སེམས་གཏམ་མ་ལུས་ཁྱེད་ལ་བརྗོད་ན་ཆོག་ཅིང་། གཞོན་པའི་སེམས་ཀྱི་མིག་ཆུ་ཁྱེད་ཁོ་ནའི་གམ་དུ་བཞུར་ན་འགྲིག 

    བུ་མོ་ཕན་ཐོགས། ངའི་ཁྲ་ཆུང་མིག་ཟུང་ཡངས་མོར་དལ་གྱིས་རྒྱུ་བའི་སྐར་མ་འོད་ཆེན། ངའི་སྙན་ངག་གི་བརྗོད་བྱ་མ་ལུས་གང་བར་བྱེད་མཁན་གྱི་ཡིག་འབྲུ་གསོན་པོ། ཁོ་བོ་དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ་འབད་འབུངས་ལ་གཞོལ་བའི་རེ་བ་ཉག་གཅིག 

    བུ་མོ་ཕན་ཐོགས། དུས་རབས་ཀྱི་འགྱུར་བག་ཇི་ཙམ་རྒོད་ཀྱང་། མིག་མདུན་གྱི་ལམ་ཁ་ཇི་ཙམ་འཚུབ་ཀྱང་། འཚོ་བ་ཡིས་ཀུ་རེ་དང་སླུ་བྲིད་གང་འདྲ་བྱས་ཀྱང་། ངས་ཁྱེད་ལ་བཅངས་པའི་བརྩེ་བ་དྲོན་མོ། རླུང་གིས་འཁུར་མི་ཐུབ་ལ། ཆར་གྱིས་སྦང་མི་སྲིད། ངས་ཚེ་གཅིག་ལུས་གཅིག་གི་ལང་ཚོ་ཧྲིལ་པོ་ཁྱེད་ལ་ཕུལ་ནས། ལག་གདང་སྦྲེལ་ནས། དཔུང་གདང་གཤིབས་ནས། སེམས་པ་སེམས་ཀྱིས་འདྲེས་ནས། ལྷིང་འཇགས་ཀྱི་འཚོ་བའི་གོམ་ཁ་དལ་གྱིས་མདུན་དུ་སྤོ་ངེས་ལགས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།