[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༄༅། །བཤེས་གཉེན་ལ་བསྟོད་པ།།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ བདུད་རྐ་དར།    |    སྤེལ་དུས།   2018-11-04

    དགེ་བའི་བཤེས་གཉེན་ལགས། ཁྱེད་ཉིད་ནམ་ཡང་རྣམ་དཀར་གྱི་དགེ་བའི་ལས་ལ་གཞོལ་ཞིང་དལ་ལྷོད་ཀྱི་གོ་སྐབས་དབེན། ཁྱེད་ཀྱིས་ནམ་ཡང་ལྷག་བསམ་གྱི་འགན་འཁྲི་པང་ནས་བསྙོར་ཅིང་བླང་དོར་གྱི་གནས་ལུགས་གསལ་བར་བསྟན།

    དགེ་བའི་བཤེས་གཉེན། བཤད་ཁྲིད་སྟེགས་བུའི་དབུ་ན་ལང་ཚོ་འབར་བའི་གར་མཁན་མ། དགེ་བའི་བཤེས་གཉེན། བླུན་རྨོངས་ཁྲི་སྟོང་མང་པོར་ལམ་སྟོན་མཛད་མཁན་དྲིན་ཅན་མ། འཁང་ར་དང་ཡིད་ཆད། ཁྱེད་ཀྱིས་ནམ་ཡང་གནང་མ་མྱོང་ལ། ཕྱོགས་ཞེན་དང་ལྷོད་གཡེང་། ཁྱེད་ཀྱིས་དེ་བས་གནང་མི་སྲིད།

    དགེ་བའི་བཤེས་གཉེན་ལགས། ཁྱེད་ནི་ཤེས་རིག་དང་ལྷག་བསམ་གྱི་ཀློང་ན་རྩེན་པའི་ཁ་བ་དཀར་པོ་དེ་རེད་ལ། དཔལ་ཡོན་དང་འོད་ཟེར་གྱི་ལམ་བཟང་སྟོན་པའི་སྒྲོན་མེ་སྣུམ་པོ་དེ་རེད།

    དགེ་བའི་བཤེས་གཉེན་ལགས། ཁྱེད་ཀྱིས་བསྩལ་བའི་ཤེས་ཡོན་གྱི་འདབ་མ་རེ་རེ་ནི། ལྔ་རིག་གི་དྲི་བསུང་འཚོལ་བའི་སློབ་མ་ཚོའི་སྦྲང་རྩི་མངར་མོ་ཡིན། ཁྱེད་ཀྱིས་གནང་བའི་མཛུབ་སྟོན་གྱི་འོད་ཐིགས་རེ་རེ་ནི། བླང་དོར་ལ་མགོ་བོ་རྨོངས་པའི་བྱིས་པ་ཚོའི་ཕྱོགས་སྟོན་འཁོར་ལོ་ཡིན།

    དགེ་བའི་བཤེས་གཉེན་ལགས། གནམ་འོག་ན་ཁྱེད་ཀྱི་མཛད་འཕྲིན་ལས་རླབས་ཆེ་བ་མེད་ཅིང་། འཇིག་རྟེན་ན་ཁྱེད་ལས་ཐུགས་བྲེལ་ཚ་བའི་གང་ཟག་སུ་ཞིག་ཡོད། ཁྱེད་ཀྱི་མཛད་འཕྲིན་གོ་ལ་ཟླུམ་པོའི་རྩེ་ན་འོད་ཞགས་འཁྱིལ་ཅིང་། ཁྱེད་ཀྱི་བྱ་གཞག་སྲིད་པ་འཁོར་བའི་རྩེ་མོ་ན་གཟི་བྱིན་འབར།

    དགེ་བའི་བཤེས་གཉེན་ལགས། ཁྱེད་ཀྱིས་བསམ་མེད་ཀྱི་བྱིས་པ་ཚོར་གནང་བའི་གདམས་ངག་ཟབ་མོ། ཁྱེད་ཀྱིས་ཡིད་འོང་གི་ཞིང་ཁམས་འདིར་བསྐྲུན་པའི་སྔོ་ལྗང་གི་མཛེས་སྡུག ཁྱེད་ཀྱི་ཐུགས་རྗེས་མ་ཁྱབ་པ་དང་ཁྱེད་ཀྱི་བཀའ་དྲིན་གྱིས་མ་བསྐྱངས་པའི་རྣམ་ཤེས་ཤིག་ཡོད་རེ་སྐན།

    དགེ་བའི་བཤེས་གཉེན་ལགས། ཁྱེད་ཀྱིས་གནམ་འོག་གི་བུ་ཕྲུག་ཚོའི་དོན་དུ་དཀའ་སྡུག་གི་ཁུར་པོ་དཔུང་པས་གཏེགས་ཤིང་། ཁྱེད་ཀྱིས་རང་གི་ལང་ཚོ་མེ་རུ་སྤར་ནས་མུན་ནག་གི་འཇིག་རྟེན་གསལ་བར་བྱས། ངལ་བ་ཡོད་ཚད་འཛུམ་གྱིས་བསུས་ཤིང་བདེ་བ་ཐམས་ཅད་གཞན་ལ་སྦྱིན་མཛད་ཁྱེད་ནི་དགུང་ཨ་སྔོན་དབྱིངས་ཀྱི་ཁྲི་གདུགས་ཉི་མ་ལགས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།