[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༄ཁ་མི་གྲགས་པའི་ཞྭ་མོ་།(བརྩམས་སྒྲུང)

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ རྣམ་གླིང་རིན་ཆེན།    |    སྤེལ་དུས།   2018-11-04

    སྟོན་མཇུག་འདིར། གཞུང་ལམ་གཡས་གཡོན་གྱི་རྒྱ་ལྕང་དང་གསོམ་སྡོང་ནས་གཙོས་པའི་ལྗོན་ཤིང་དག་གི་ལོ་མ་རིམ་གྱིས་སེར་པོར་གྱུར་ཞིང་། བསིལ་རླུང་གི་རམ་འདེགས་འོག གཞུང་རྟའི་ཐོག་གི་ལོ་འདབ་རེ་རེ་བཞིན་དལ་བ་དལ་བུར་ས་ལ་ཟགས་ཤིང་། སླར་ཡང་རླུང་བུའི་འགྲོས་དང་བསྟུན་ནས་གཞུང་ལམ་དང་སྲང་ལམ་གྱི་མཐོངས་དབྱིངས་སུ་ལྡིང་འཁོར་རྒྱག་བཞིན་འདུག

    ཚ་གདུག་ཆེ་བའི་ཉིན་གུང་གི་དུས་ཚོད་འདི་ལ། ཁྲོམ་གཞུང་གི་གཡས་གཡོན་གང་སར་མི་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་བྱེད་ཅིང་། མཚམས་མི་ཆད་པར་གྲགས་འོང་བའི་རླངས་འཁོར་དག་གི་དུང་སྒྲ་ནི་ཅི་འདྲའི་རྣ་ལ་གཟན་ཞིང་སྙིང་འཕར་སྤྱད་ཅིག་རེད་ཨང་། ཉིན་གུང་འདིར། འགྲིམ་འགྲུལ་གྱི་ལས་འཛོལ་བྱུང་སའི་ལམ་བཞི་མདོ་དེ་རུ། ཕུན་རྣམ་གྱི་མཐའ་འཁོར་དུ་མི་མང་པོས་རུབ་ནས་འདུག འགྲིམ་འགྲུལ་ཉེན་རྟོག་པས་རྟོག་ཞིབ་བྱས་པ་བརྒྱུད། ཕུན་རྣམ་གྱིས་བཞི་མདོའི་གློག་དམར་པོར་སྣང་བ་མ་བཞག་པར། འཁོར་གསུམ་རྐང་འཁོར་དེ་བྱ་འཕུར་བ་ལྟར་མདུན་དུ་ཁ་ལོ་བསྒྱུར་བས། ད་གཟོད་འཇིགས་མེད་ཀྱི་འཇིབ་འཁོར་དང་རྡུང་ག་བརྒྱབ་པ་རེད།

    མ་གཞི་ལྷ་ས་ཞེས་པའི་བོད་ཀྱི་གྲོང་ཁྱེར་ཆེ་གྲས་དེ་རུ། ཕུན་རྣམ་དང་འདྲ་བའི་འཁོར་གསུམ་བདལ་གཏོང་གཏོང་མཁན་མང་པོ་ཡོད། ཁོང་ཚོས་རང་ལུས་ཀྱི་ཤེད་ཤུགས་ལ་བརྟེན་ནས་འགྲུལ་པ་ཡར་སྐྱེལ་མར་དབོར་བྱེད་བཞིན་ཡོད་ཅིང་། གལ་ཏེ་རྐང་འཁོར་བྱ་འཕུར་བ་ལྟར་མདུན་དུ་མ་སོང་ན་ཁོ་ཚོར་གླ་ཆ་ཉུང་ངུ་ལས་རག་གི་མེད་པས། ཁོ་ཚོའི་ངོས་ནས་བརྗོད་ན་དུས་ཚོད་སྐར་ཆ་རེ་རེའང་ཧ་ཅང་རྩ་ཆེན་པོ་ཡིན་པ་གདོན་མི་ཟ། མ་གཞི་གནས་ལུགས་ལྟར་བརྗོད་ན། སྒྱིད་ལུགས་སྤངས་ཤིང་དུས་ཚོད་སྐར་ཆ་ཙམ་ལའང་སྣང་ཆེན་བྱས་ཏེ་རང་གི་རྩོལ་བ་ལ་བརྟེན་ནས་འཚོ་བའི་ཡོང་སྒོ་གསོག་པ་ནི་ལུགས་དང་མཐུན་ཞིང་། ཀུན་གྱི་ཡི་རངས་སྐྱེ་དགོས་པའི་དོན་ཞིག་ཡིན་མོད། འགྲིམ་འགྲུལ་གྱི་སྒྲིག་ལམ་ལྟག་རྒྱབ་ཀྱི་རླུང་བུར་བསྐུར་ཏེ་གཞུང་ལམ་གྱི་ཐོག་ཏུ་བྱ་འཕུར་བ་ལྟར་མདུན་དུ་བརྒྱུགས་པ་དང་། སྲང་ལམ་གྱི་ཁུག་སོ་གང་སར་འཚང་ཁ་རྒྱག་པ་ནི་ཀུན་གྱིས་ཞེ་མེར་སྐྱེ་ཞིང་ཚིག་པ་ཟ་དགོས་པའི་དོན་ཞིག་ཅི་ལ་མིན། ནམ་རྒྱུན་འཁོར་གསུམ་བདལ་གཏོང་གཏོང་མཁན་དག་གིས་འགྲིམ་འགྲུལ་གྱི་སྒྲིག་སྲོལ་སྣང་མེད་དུ་བཏང་སྟེ་ཡར་རྒྱུག་མར་རྒྱུག་བྱེད་དུས། གླ་བྱེད་རླངས་འཁོར་གྱི་ཁ་ལོ་བ་ལ་ལས་ཁོ་ཚོའི་ཕྱོགས་སུ་མཆི་ཞག་འཕངས་ཏེ་སྡིགས་མོ་བྱེད་བཞིན་ཡོད་ལ། སྒེར་འཁོར་གཏོང་མཁན་དག་གིས་ཀྱང་རླངས་འཁོར་གྱི་དུང་བརྡ་བཏང་སྟེ་ཁོ་ཚོའི་ཕྱོགས་སུ་མིག་ལོག་རེ་ལྟ་བ་དང་། གཞུང་ལམ་ཐོག་རྐང་ཐང་དུ་ཡར་བཞུད་མར་བཞུད་བྱེད་མཁན་གྱི་ལམ་འགྲོ་བ་ཚོས་ཀྱང་མཆུ་ཏོ་ཀྲབ་ཀྲབ་ཀྱིས་ཁོ་ཚོའི་ལྐོག་ཏུ་དམོད་མོ་བོར་བཞིན་ཡོད། འོན་ཀྱང་། མི་སུ་ཞིག་གིས་ཀྱང་ཁོ་ཚོར་མཆི་ཞག་འཕངས་ཏེ་སྡིག་མོ་བྱེད་པ་དང་། མིག་ལོག་ལྟ་བ། དམོད་མོ་བོར་བ་སོགས་ཅི་ཞིག་བྱས་ཀྱང་། འཁོར་གསུམ་བདལ་གཏོང་གཏོང་མཁན་དག་གིས་དེ་དག་ལ་ཁ་ཡ་གཏན་ནས་མི་བྱེད། རྒྱུ་མཚན་ནི་ཁོ་ཚོའི་ལུས་ཐོག་ཏུ་སྣང་ཚུལ་དེ་འདྲ་རྟག་ཏུ་ཐོན་གྱི་ཡོད་པས། ཁོ་ཚོ་རྦད་དེ་གོམས་ལོབས་སུ་སོང་ཡོད་ལ། དོན་དག་དེ་དག་ལ་ཁ་ཡ་བྱེད་པའི་ཁོམ་པའང་ག་ལ་ཡོད།

    “མོ་ལྷ་མཛེས་མིན་ནམ”

    ཕུན་རྣམ་གྱི་འཁྲིས་སུ་རུབ་ནས་བསྡད་ཡོད་པའི་ལྷ་ཀླུ་ཟམ་སྣེའི་ལས་སྒུག་བྱེད་མཁན་དེ་དག་གི་ཁྲོད་ནས་སྐྱེས་པ་ཞིག་གིས་དེ་ལྟར་ལབ་བྱུང་།

    སྐྱེས་པ་དེའི་སྐད་ཆ་གོ་རྗེས། གནས་དེའི་འདུ་འཛིའི་ཡོ་ལང་རེ་ཞིག་འཇགས་པ་ལྟར། མི་མང་པོས་སྨྲ་བ་བསྡམས་ཏེ་ཁུ་སིམ་མེར་འཇིགས་མེད་ཀྱི་འཇིབ་འཁོར་རྒྱབ་ཕྱོགས་ཀྱི་སྒོ་ནང་ནས་ཕྱི་རུ་ཐོན་བཞིན་པའི་གཞོན་ནུ་མ་དེའི་ཕྱོགས་སུ་མིག་ཟུང་འཕངས་སོང་། ཁོ་ཚོའི་མིག་ཟུང་གི་ཁྲོད་དུ་ཅི་ཞིག་ཤེས་འདོད་པའམ། ཡང་ན་མུ་མཐུད་དེ་གནས་ཚུལ་གསར་པ་ཅི་ཞིག་འབྱུང་མིན་ལ་སེམས་ཁུར་བྱེད་པ་ཇི་བཞིན། ཁ་ལས་མིག་ཆེ་བ་བགྲད་ནས་ཅེ་རེར་ཧད་འདུག

    གཞོན་ནུ་མ་དེའི་ངོ་གདོང་དཀར་ལ་དམར་མདངས་རྒྱས་པ་དང་། དཀར་ལ་དམར་མདངས་རྒྱས་པའི་ངོ་གདོང་གི་ཁྱོན་ནས་སྣུམ་ཞག་ཚིལ་ཚིལ་བྱེད་ལ། གོན་པ་གཙང་ལ་གྲལ་སྒྲིག་པ་དང་། སྣུམ་ཞག་དོད་པའི་སྐྲའི་ལན་བུ་ལྷས་མ་མ་བསླས་པར་བྲང་གཞུང་གི་ངོས་སུ་ཐུར་དུ་དཔྱངས་འདུག་ཅིང་། དེའི་ཐོག་ཏུ་ཞྭ་མོ་དམར་པོ་ཞིག་གྱོན་འདུག་པས་ངོ་མ་ཡི་གར་འོང་བ་ཞིག་རེད། ཞྭ་མོ་དམར་པོ་དེ་ནི་བཟོ་གྲྭས་རྐང་བཙུགས་ནས་མོ་ཁོ་ནའི་སླད་དུ་བཟོས་པ་ལྟར། མོ་ལ་ཤིན་ཏུ་ནས་སྤམ། ཞྭ་མོ་དེའི་བཟོ་ལྟ་དང་། ཆེ་ཆུང་། ཐ་ན་ཚོས་གཞི་སོགས་གང་ནས་བཤད་ཀྱང་ངོ་མ་མོའི་ངོ་མདོག་དང་། སྐྲ་ལོའི་ཁྱད་ཆོས། མགོ་བོའི་བཟོ་ལྟ་སོགས་དང་ཅི་འདྲའི་འཚམས་པ་ཞིག་མིན་ནམ། ལྷག་པར་ཞྭ་མོ་དམར་པོ་དེའི་ཐོག་ཏུ་ཉི་མའི་འོད་ཟེར་འཕྲོས་དུས་འོད་ཀྲིག་ཀྲིག་བྱེད་པས། ཅི་འདྲའི་སྙིང་དུ་སྡུག་པ་ཞིག་རེད་ཨང་།

    གལ་ཏེ་མིག་མདུན་དུ་ལངས་པའི་གཞོན་ནུ་མ་དེ་ནི་སྔོན་ཆད་ཁོ་ཚོ་མཉམ་དུ་ལྷ་སའི་ཉི་མ་ལྡེ་ཞོར། ལྷ་ཀླུ་ཟམ་པའི་འགྲམ་སྐྱོར་ལ་ཁེན་ནས་ལས་མེད་སོས་དལ་ངང་ལས་སྒུག་བྱེད་མཁན་གྱི་ལས་རོགས་ལྷ་མཛེས་རེད་ཟེར་ན་སུའི་རྣ་བར་འགྲོ་སྲིད། མ་གཞི་སྔོན་ཆད་ལྷ་མཛེས་ནི་ལས་སྒུག་བྱེད་མཁན་གྱི་གཞོན་ནུ་མའི་ཁྲོད་དུ་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་དང་། བྱ་ཚོགས་དབུས་ཀྱི་རྨ་བྱ་ཇི་བཞིན་བྱད་བཞིན་དང་གཟུགས་བྱད་གང་ཐད་ནས་ཅུང་འབུར་དུ་ཐོན་པ་དང་མངོན་གསལ་དོད་པ་ཞིག་ཡིན་ཡང་། ཇི་ལྟར་བཤད་ཀྱང་། ཁོ་ཚོའི་ལས་ཀའི་ངོ་བོ་ནི་འཇིབ་འཁོར་བཏང་སྟེ་ཡོང་མཁན་གྱི་སྦྱིན་བདག་དེ་ཚོའི་བཀོད་སྒྲིག་ལྟར། ལས་ཀ་གང་ལྕི་ལྕི་དང་གང་བཙོག་བཙོག་ལས་དགོས་པས། སྒོར་མོ་དང་དུས་ཚོད་མང་པོ་བཀོལ་ཏེ་གཙང་སྦྲར་དང་དོད་ཆེན་པོ་བྱེད་ཁོམ་མེད་ཅིང་། དེའི་ཐོག་བཀོལ་ནས་ཟད་རྒྱུ་མེད་པའི་ལྷ་སའི་ཚ་སྲེག་གི་རང་བཞིན་ལྡན་པའི་ཉི་འོད་དང་། རེ་འཇགས་རེ་ལངས་ངང་ལྡང་འོང་བའི་ཙག་རླུང་སོགས་ཀྱིས་ཁོ་ཚོའི་ངོ་གདོང་ལ་དཔུང་འཇུག་ཡང་ཡང་བྱེད་བཞིན་ཡོད་པས། ངོ་གདོང་གི་ཁྱོན་ནས་དམར་སྨུག་གི་རང་མདངས་ཤིག་ཕྱིར་ཕྱུངས་ཤིང་། ཞོགས་པ་རང་ཁྱིམ་ནས་ལས་སྒུག་བྱེད་པར་ཡོང་དུས་ལུས་ལ་གོན་པ་གཙང་མ་རེ་གྱོན་ནས་ཡོང་གི་ཡོད་ཀྱང་། ཕྱི་དྲོ་ཕྱིར་རང་ཁྱིམ་དུ་ལྡོག་དུས། གོན་པའི་ངོས་སུ་ཐལ་རྡུལ་སྦགས་ཏེ་གོན་པ་དཀར་པོ་ཡིན་ན་ནག་པོར་འགྲོ་བ་དང་། ནག་པོ་ཡིན་ན་དཀར་པོར་གྱུར་འགྲོ

    ཕུན་རྣམ་ལ་སྨྲ་བ་ཅི་ཡང་མེད་པར་ཁ་རོག་གེར་འདུག ད་ལྟ་ཁོ་ལ་སྔོན་ཆད་འཁོར་གསུམ་བདལ་གཏོང་བྱ་འཕུར་བ་བཞིན་མདུན་དུ་གཏོང་དུས་ཀྱི་ལུས་ལ་གཤོག་ཟུང་ཐོགས་པ་ལྟ་བུའི་སྤོབས་པ་དང་ཉམས་སྣང་དེ་གཏན་ནས་མཐོང་རྒྱུ་མི་འདུག ཡང་གཅིག་བཤད་ན། ད་ཆ་ཁོ་ནི་རྡོ་ཕོག་པའི་བྱེའུ་ཆུང་རྨས་མ་ཞིག་དང་འདྲ་བར། མགོ་བོའི་ངོས་ནས་དམར་ལམ་ལམ་གྱི་ཁྲག་དམར་བཞུར་ཞིང་། དེ་ལས་སྙིང་ན་བ་ཞིག་ལ། སྔོན་ཆད་ཁོས་འཁོར་གསུམ་བདལ་གཏོང་བཏང་སྟེ་ཉིན་ཞིག་ལ་ལྷ་མཛེས་དང་འཕྲད་ན་བསམས་ཀྱང་། མོ་དང་འཕྲད་པའི་སྐལ་བ་གཏན་ནས་མ་རྙེད། དེ་རིང་མི་ཚོགས་ཀྱིས་བཀང་བའི་ལམ་བཞི་མདོ་ཁ་དེ་རུ། རང་ཉིད་ལ་འགྲིམ་འགྲུལ་གྱི་ཆག་སྒོ་འབྱུང་དུས་མི་སུ་དང་འཕྲད་མ་འདོད་ཀྱང་། ལས་དབང་གིས་བསམ་གཟས་ནས་ཁོ་ལ་ཀུ་རེ་རྩེད་པ་དང་འདྲ་བར། ཏག་ཏག་ལྷ་མཛེས་དང་འཕྲད་པ་མ་ཟད། དེ་བས་སྔོན་ཆད་རང་ཉིད་ལྷ་ཀླུ་ཟམ་ཁར་འགྲེང་སྟེ་ལས་སྒུག་བྱེད་དུས་ཀྱི་ལས་རོགས་མང་པོ་དེ་འདྲའི་མདུན་དུ་མོ་དང་ངོ་འཕྲད་བྱུང་བས། ཁོའི་སེམས་པ་བློང་བློང་པོར་མ་འགྱུར་བ་ག་ལ་སྲིད། ཇི་ལྟར་བཤད་ཀྱང་། ཁོ་རང་ཡང་སྐྱེས་པ་ཁྱོ་ག་ཞིག་ཡིན་པས། རང་མཉམ་གྱི་ལས་རོགས་ཚོའི་མདུན་དུ་རང་གི་ཉམ་ཐག་པའི་ཚུགས་ཀ་དེ་སྟོན་འདོད་ག་ལ་ཡོད། མ་གཞི་བྱས་ན་ཁོས་ད་བར་དུ་ལྷ་མཛེས་དང་འཕྲད་འདོད་ཧ་ཅང་ཆེ། དེ་བས། རང་ཉིད་ཀྱིས་འཁོར་གསུམ་བདལ་གཏོང་བཏང་སྟེ་ལུས་ལ་གཤོག་པ་ཐོགས་པ་ལྟ་བུའི་ཉམས་སྣང་དེ་ཁོ་མོས་མཐོང་ན་ཅི་འདྲའི་དགའ་ཨང་སྙམ། རང་ཉིད་ལྷ་ཀླུ་ཟམ་ཁར་འགྲེང་སྟེ་ལས་སྒུག་བྱེད་མཁན་ཞིག་ནས་འཁོར་གསུམ་བདལ་གཏོང་གཏོང་མཁན་ཞིག་གི་འགྱུར་ལྡོག་དེ་ཁོ་མོས་ཤེས་ན་བསམས། ཁོས་ནམ་རྒྱུན་འཁོར་གསུམ་བདལ་གཏོང་དེ་བྱ་འཕུར་བ་བཞིན་མདུན་དུ་གཏོང་ཞོར། ཉིན་ཞིག་གློ་བུར་དུ་ལྷ་མཛེས་དང་ངོ་འཕྲད་ཡོང་དུས་ཀྱི་རྣམ་པར་འདང་རྒྱག་མང་པོ་བྱས་མྱོང་། འོན་ཀྱང་། དེ་རིང་རྒྱ་མཚོ་འཁྱོམས་པ་ལྟ་བུའི་མི་ཚོགས་ཀྱི་ཀློང་དུ། ཆག་སྒོ་དེ་འདྲ་ཞིག་གི་འོག་ཏུ་མོ་དང་ངོ་འཕྲད་བྱུང་ཡོང་བསམས་པ་ཁོའི་སེམས་པའི་རྒྱ་ལའང་འཁོར་མ་མྱོང་།

    ཉི་འོད་ཀྱི་འོག་ཏུ་ལྷ་མཛེས་ཀྱི་ཞྭ་མོ་དམར་པོ་དེ་ལས་འོད་ཟེར་ཅིག་འཕྲོས་འོང་། མོས་མཚམས་ལ་ལར་ཕུན་རྣམ་གྱི་ཕྱོགས་སུ་མིག་ཟུང་ཡང་ཡང་འཕངས་འོང་ཞིང་། མཚམས་ལ་ལར་འཇིགས་མེད་ཀྱི་ལག་པ་ནས་འཐེན་ཙམ་འཐེན་ཙམ་བྱས་ཏེ་མགྱོགས་མྱུར་གནས་དེ་ནས་གྱེས་རྒྱུའི་ལྐོག་བརྡ་བྱེད་བཞིན་འདུག འོན་ཀྱང་། འཇིགས་མེད་ཟེར་བའི་སྐྱེས་པ་དེ་ལ་གནས་དེ་ནས་གྱེས་རྒྱུའི་གྲ་སྒྲིག་ཅི་ཡང་མི་འདུག ཁོས་ཁྲག་དམར་བཞུར་བཞིན་པའི་ཕུན་རྣམ་གྱི་རྨ་ཁ་ལ་སེམས་ཁུར་བྱ་རྒྱུ་ལྟ་ཅི། ད་དུང་ཕུན་རྣམ་གྱིས་རང་ཉིད་ཀྱི་མོ་ཊར་ཆག་སྐྱོན་བཟོས་པར་སྐྱིན་ཚབ་གཞལ་དགོས་ཞེས་ཨ་ན་ཨུ་ཚུགས་བྱེད། སྐབས་དེ་འདྲ་ཞིག་ལ། འགྲིམ་འགྲུལ་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་འཇིགས་མེད་ཀྱི་ཆུང་མའང་བསླེབས་བྱུང་།

    ཐོག་མར་ཁོའི་ཆུང་མས་འཇིགས་མེད་ཀྱི་ལུས་པོའི་ཁྱོན་ལ་ཞིབ་ལྟ་ཞིག་བྱས་རྗེས། “ཨ་ཇོ། ཁྱེད་ལ་རྨས་སྐྱོན་ཕོག་ཨེ་བྱུང”ཞེས་སེམས་ཁྲལ་དང་སྦྲགས་དེ་ལྟར་དྲིས་ཤིང་། འཇིགས་མེད་ཀྱི་སྐྲ་ཡི་ཉག་མ་ཙམ་ལའང་སྐྱོན་མེད་པ་ཤེས་དུས། མོའི་མིག་དབང་ད་གཟོད་ཕུན་རྣམ་གྱི་གདོང་ལ་འཕོས་བྱུང་། མོས་གཞུང་ལམ་གྱི་དཀྱིལ་དུ་རྡོ་ཕོག་པའི་བྱེའུ་ཇི་བཞིན་རྨས་སྐྱོན་ཕོག་སྟེ་ཉལ་ནས་བསྡད་ཡོད་པའི་ཕུན་རྣམ་ལ་སྡིག་མཛུབ་ཅིག་བསྟན་ཏེ། “ཁྱེད་ཞར་སོང་བ་མིན་ནམ”ཞེས་ཕུན་རྣམ་ལ་དམའ་འབེབས་བཏང་ཞིང་། ལམ་སེང་མོ་ཊར་ཆག་སྐྱོན་བཟོས་པར་སྐྱིན་ཚབ་གཞལ་དགོས་ལུགས་བརྗོད་བྱུང་། སྐད་ཆ་དེ་དག་ཤོད་དུས་མོའི་མིག་རྩ་དམར་ལམ་ལམ་བྱེད་ཅིང་། དཔྲལ་བའི་ངོས་སུ་གཉེར་རིས་ཤིག་ཀྱང་ངང་གིས་བབས་འདུག འཇིགས་མེད་ཀྱི་ཆུང་མས་ཕུན་རྣམ་ལ་སྡིག་མོ་བྱེད་བཞིན་པ་འཁྲིས་སུ་ཡོད་པའི་དཔལ་དབྱངས་ཀྱི་རྣ་ལམ་དུ་ཐོས་རྗེས། དཔལ་དབྱངས་ཀྱང་སེམས་པ་སྐྱིད་པོ་ཁྱོན་ནས་མ་བྱུང་། དཔལ་དབྱངས་ཀྱིས་དེ་འཕྲལ་ཕུན་རྣམ་གྱི་རྒྱབ་རྩར་ལངས་ཏེ། “ང་ཚོ་ཞར་སོང་བ་ཡིན་ནམ། ཡང་ན་ཁྱོད་ཀྱི་ཁྱོ་ག་འོན་སོང་བ་ཡིན། ལམ་བཞི་མདོ་ཁར་རླངས་འཁོར་དང་མི་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་བྱེད་ཀྱང་། རླངས་འཁོར་གྱི་དུང་སྒྲ་ཤུགས་ཆེན་པོ་དེ་འདྲ་བཏང་ནས་ཅི་བྱེད། མ་གཞི་ནས་ཁྱོད་ཀྱིས་མི་ལ་དམའ་འབེབས་གཏོང་དོན་ཅི་ཡིན”ཞེས་ཅུང་ཟད་འཚུབ་ཆ་ལངས་བཞིན་དེ་ལྟར་བཤད་དེ་མོ་དང་ཁ་རྩོད་བརྒྱབ་པས། འཇིགས་མེད་ཀྱི་ཆུང་མ་ནི་དེ་བས་ང་རྒྱལ་ལངས་ཤིང་རང་སེམས་རང་གིས་གཅུན་མི་ཐུབ་པར། “གནས་དེ་རུ་ཁྱོད་ལ་སྐད་ཆ་ཤོད་དབང་ཞིག་གང་ན་ཡོད། མ་གཞི་ནས་བུ་མོ་མཐེ་རྡོག་ཁྱོད་སུ་ཡིན”ཞེས་དཔལ་དབྱངས་ལ་དྲིས།

    “ང་ཇོ་ལགས་འདིའི་ཆུང་མ་ཡིན” སྐད་ཆ་དེ་ཇི་ལྟར་ཁ་ནས་དོན་མིན་དཔལ་དབྱངས་རང་ཉིད་ཀྱིས་ཀྱང་ཤེས་ཀྱི་མི་འདུག གང་ལྟར་ཀྱང་དཔལ་དབྱངས་ཀྱི་སྐད་ཆ་དེས་འཁྲིས་སུ་ཡོད་པའི་ཕུན་རྣམ་དང་། ཕུན་རྣམ་གྱི་སྔོན་ཆད་ཀྱི་ལས་རོགས། དེ་མིན་ལྷ་མཛེས་ཀྱི་རྣ་བར་ལྷང་ལྷང་དུ་གྲགས་བྱུང་བས། ཕུན་རྣམ་ནི་རང་གི་རྣ་ལའང་ཡིད་མ་ཆེས་པར་དཔལ་དབྱངས་ཀྱི་གདོང་ལ་མིག་ཟུང་ཅེར་ཏེ་ཧད་དེ་ལུས་ཤིང་། འཁྲིས་ཀྱི་ལས་རོགས་དེ་དག་ནི་ཡ་མཚན་པའི་མིག་ཟུང་གིས་ཕུན་རྣམ་དང་དཔལ་དབྱངས་ལ་རེས་མོས་ཀྱིས་ལྟ་བཞིན། “ཕུན་རྣམ་གྱིས་ག་དུས་གཉེན་བསྒྲིགས་པ་ཡིན། ངོ་མ་གཅིག་ལས་གཅིག་མགྱོགས་པ་འདུག ང་ཚོར་བུ་མོས་མིག་ལྟ་ཞོག ལྟག་ཁུང་ཙམ་ཡང་ལྟ་མཁན་མེད་ཀྱང་། ཕུན་རྣམ་ལ་བུ་མོ་མང་པོས་འཚང་ཁ་ཤིག་ཤིག་གིས་དགའ་པོ་བྱེད། ངོ་མ་ཁྱད་མཚར་རེད”ཟེར་བཞིན། ཁོ་ཚོ་གཞོགས་གཅིག་ཏུ་རུབ་ནས་སྐད་ཤུགས་ཆུང་ངུས་སྐད་ཆ་ཤབ་ཤུབ་ཏུ་སྨྲ་བཞིན་འདུག ལྷ་མཛེས་ནི་དཔལ་དབྱངས་ཀྱི་སྐད་ཆ་དེ་ཐོས་རྗེས། མོའི་ད་སོ་མའི་དཀར་ལ་དམར་མདངས་རྒྱས་པའི་གདོང་མདོག་དེ་མ་ཉིད་དུ་བྱུ་རུའི་མདོག་བཞིན་དམར་པོར་གྱུར་ཞིང་། ཕུན་རྣམ་གྱི་ཕྱོགས་སུ་མིག་ཟུང་འཕངས་ཏེ་མགོ་བོ་གཡུག་གཡུག་བྱེད། ཕར་ལ་བལྟས་པ་ཙམ་གྱིས་ལྷ་མཛེས་ཀྱི་སེམས་ལ་ཡིད་ཆད་དང་ཕང་སེམས་ཀྱི་བསམ་པ་དྲག་པོ་ཞིག་སྐྱེ་བཞིན་ཡོད་པ་ངང་གིས་རྟོགས་ཐུབ། ཕུན་རྣམ་ནི་དཔལ་དབྱངས་ཀྱི་སྐད་ཆ་དེ་ཐོས་པས་སེམས་ལ་སྤྲོ་སྣང་ཞིག་ངང་གིས་འཕེལ་ནས་ལུས་པོ་ཚ་ལམ་ལམ་བྱས་ཤིང་། སྔོན་ཆད་གཉིད་དུ་ཡུར་བའི་ཆུ་ཞེས་པའི་རླངས་འཁོར་འཁྲུད་ཁང་དེར། ཐོག་མར་དཔལ་དབྱངས་དང་འཕྲད་དུས་ཀྱི་སྣང་ཚུལ་རྣམས་རེ་རེ་བཞིན་དྲན་ནས། ཁོའི་ལུ་གུ་བཞིན་ལྡིང་བའི་བྲང་ངོས་ཀྱི་སྙིང་གི་འཕར་སྒྲའང་ཇེ་དལ་དུ་ཕྱིན། སྔོན་ཆད་དཔལ་དབྱངས་ཀྱིས་རིན་མེད་ངང་རང་གི་འཁོར་གསུམ་བདལ་འཁོར་དེ་བཀྲུས་ཤིང་། རང་གིས་མོ་ལ་ཨ་མས་བཟོས་པའི་ཕྱུར་སྐམ་རྔན་པར་སྤྲད་ཚུལ་དང་། མོའི་སེམས་རྩ་འཁོལ་བའི་གཤིས་ཀ ད་དུང་ཁོ་མོས་པྲ་ཆལ་གྱི་འཛུམ་ཞིག་སྟོན་བཞིན་རང་གི་ཨམ་ཅོག་ནས་འཐེན་ཙམ་འཐེན་ཙམ་བྱེད་པའི་རྣམ་པ་སོགས་ཁོ་མོ་དང་འབྲེལ་བའི་གནས་ཚུལ་རེ་རེ་བཞིན་དྲན་པའི་དཀྱིལ་འཁོར་དུ་འཆར།

    (མུ་མཐུད་འགོད་རྒྱུ)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།