[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༄གཅེས་ཉར་ཁྱི་གུ་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བུ་ཚེ་རིང་རྒན་པ།    |    སྤེལ་དུས།   2019-05-05

    དེང་སྐབས་གྲོང་ཁྱེར་ནང་དུ་ཁྱི་ཞིམ་ལ་སོགས་པའི་སྲོག་ཆགས་ཆུང་གྲས་གཅེས་ཉར་བྱེད་མཁན་གྱི་ཁྱིམ་ཚང་གང་མང་རེད། དེ་ལྟའི་ཚ་རླབས་ཤིག་སྨོན་སྐྱིད་སྡེ་ཁུལ་ལའང་ཁྱབ་སྟེ། ད་ཆ་སྨོན་སྐྱིད་སྡེ་ཁུལ་དུ། རིགས་དང་སྤུ་ཁ་མི་འདྲ་བའི་ཁྱི་དང་ཞི་མི་མང་པོ་ཞིག་མཐོང་རྒྱུ་འདུག ཆ་རྐྱེན་ཡག་པའི་དུད་ཚང་ཚོས་རིན་གོང་མཐོ་པོ་སྤྲད་དེ་རང་རང་གིས་དགའ་པོ་བྱེད་པའི་སྲོག་ཆགས་ཆུང་གྲས་ཉོས་ཏེ་གསོ་ཉར་བྱེད་པ་མ་ཟད། སྲོག་ཆགས་དེ་ཚོ་རང་གི་ཕྲུ་གུ་དང་འདྲ་བར་སྲོག་ཆགས་ཚོང་ཁང་དང་དྲ་ཐོག་ནས། སྲོག་ཆགས་ལ་སྦྱིན་བྱེད་ཀྱི་ཟས་དང་གཡོག་བྱེད་ཀྱི་གོས། དེ་བཞིན་སྡོད་གནས་དང་བཙོག་གཅིན་གཏོང་སའི་གཞོང་པ། ལ་ལས་ད་དུང་རང་རང་གི་གཅེས་པའི་སྲོག་ཆགས་དེ་ཚོ་བོར་བརླག་སོང་དོགས་ཀྱིས། སྐེ་ལ་ཐག་པ་འདྲ་མིན་སྣ་ཚོགས་བཀོན་པ་དང་། འགའ་རེས་རང་གི་སྡོད་གནས་དང་ཁ་པར་ཨང་གྲངས་སོགས་བྱང་བུའི་སྟེང་བྲིས་ནས་སྲོག་ཆགས་དེ་ཚོའི་སྐེ་ལ་བཏགས་པའི་ཁར། དུས་ཐོག་ལ་གཟུགས་པོ་འཁྲུ་བ་དང་འཆམ་འཆམ་ལའང་ཁྲིད་ཀྱི་ཡོད།

    གཅེས་ཉར་གྱི་སྲོག་ཆགས་ཡོད་པའི་ཁྱིམ་བདག་ཚོས། རྒྱུན་དུ་རང་གི་གཅེས་པའི་སྲོག་ཆགས་དེ་ཚོར་རྣ་བར་སྙན་ཞིང་ཡིད་ལ་འཇགས་པའི་མིང་འདོགས་པ་དང་། ཁོམ་དུས་དང་ལྷག་པར་དུ་དགོང་ཟས་གྲུབ་རྗེས། རང་གི་གཅེས་པའི་སྲོག་ཆགས་ཁྲིད་དེ་སྡེ་ཁུལ་དུ་འཆམ་འཆམ་ལ་འགྲོ་བ་དང་བསྟུན་གཞན་ལ་ངོམ་བཟོ་བྱེད། ཡུན་རིང་གཅེས་པར་བསྐྱངས་པའི་སྲོག་ཆགས་དེ་ཚོས་ཀྱང་མིའི་གཏམ་མི་ཉུང་བ་ཞིག་གོ་ཐུབ་ཅིང་། ལྷག་པར་དུ་ཁྱི་གུ་དེ་ཚོ་ནི་དེ་བས་ཀྱང་དེ་ལྟར་ཡིན་དུས་ལྟ་སྣང་ལ་མཛེས་ཤིང་ཡིད་ལ་འོང་བ་སྟེ། ཁྱི་གུ་ལ་ལ་ཨབ་ཟོག་སྣ་ལེབ་དང་། ལ་ལ་སྤུ་ཐུང་ལ་ཕག་ཕྲུག་འདྲ་བ། ལ་ལ་ངོ་གདོང་དང་ལུས་ཡོངས་ལ་ཤ་གཉེར་གྱིས་གང་བ། ལ་ལ་གཟུགས་བོངས་ཆུང་ཆུང་ཞིམ་ཕྲུག་དང་འདྲ་བ་སོགས་རིགས་མང་ལ། དེའི་ནང་ནས་ཁྱི་གུ་མང་པོར་ལོངས་ཟེར་ན་ལངས་པ་དང་ཉོལ་ཟེར་ན་ཉལ་བ། ཙོག་ཟེར་ན་ཙོག་པ་དང་རྒྱུགས་ཟེར་ན་འགྲོ་བ། པང་དུ་ཤོག་ཟེར་དུས་པང་ཁར་མཆོངས་ཤིང་། ཕྱག་འབུལ་ཞུས་སམ་ཞུ་འབུལ་བྱེད་ཟེར་དུས། མི་ཞིག་ལྟར་ཀེར་རེར་ལངས་ཤིང་ལག་གཉིས་པོ་མཉམ་དུ་སྦྱར་ཏེ་ཕྱག་འབུལ་ལམ་ཞུ་འབུལ་གྱི་ཚུལ་བྱེད་པས། སུས་བལྟས་ཀྱང་སེམས་དགའ་ཞིང་སྙིང་ཉེ་བ་ཞིག་ཏུ་སྣང་། མི་མང་པོ་ཞིག་ནས་སྲོག་ཆགས་དེ་ཚོའི་ཚུགས་ཀར་བལྟས་ཏེ་ཡིད་སྨོན་ཆེན་པོ་བྱེད་ཅིང་། ད་ཆ་སྨོན་སྐྱིད་སྡེ་ཁུལ་ལ་ཆ་བཞག་ན། ཞི་མི་དང་ཁྱི་གུ་གསོ་རྒྱུ་ནི་དར་སྲོལ་ཙམ་མ་ཟད་འགྲན་རྩོད་ཅིག་ཀྱང་རེད་ཅེས་བརྗོད་ཆོག

    དེང་སྐབས་གནས་སྡོད་ཁུལ་དུ་ཁྱི་ཞིམ་སོགས་རང་རང་གི་གཅེས་ཉར་སྲོག་ཆགས་གསོ་མཁན་གྱི་ཁྱིམ་ཚང་མང་པོ་ཡོད་པ་མ་ཟད། དགོང་མོ་སློབ་གྲྭ་གྲོལ་རྗེས་སམ་རེས་གཟའ་སྤེན་པ་དང་ཉི་མའི་དུས་སུ་སློབ་ཚན་ཉུང་དུས། ལྷག་པར་དུ་དབྱར་དགུན་གཉིས་ཀྱི་གུང་གསེང་སྐབས། སྡེ་ཁུལ་གྱི་ཕྲུ་གུ་ཆུང་ཆུང་ཚོས་རང་རང་གི་ཁྱིའམ་ཞི་མི་ཁྲིད་ནས་རྩེད་མོ་རྩེ་བར་འགྲོ་བཞིན་མཆིས། ཡོན་ཏན་ཚང་གི་ཕྲུ་གུ་གཉིས་ནས་རང་གི་ཕ་མ་གཉིས་པོར“ཁྱིམ་ཚང་གཞན་ཚང་མར་ཡིད་དུ་འོང་བའི་ཞི་མི་དང་ཁྱི་འདུག ཁྱིམ་ཚང་དེ་ཚོའི་ཕྲུ་གུས་ཁྱིའམ་ཞི་མི་དང་མཉམ་དུ་རྩེད་མོ་རྩེ་དུས། ཁྱི་དང་ཞི་མི་མེད་པ་ང་གཉིས་གཅེན་གཅུང་གཉིས་ཙམ་རེད་འདུག་པས། ཅི་ནས་ཀྱང་ཁྱི་གུ་ཞིག་ཉོ་རོགས”ཟེར་ནས་ཨུ་ཚུགས་མཐར་སྐྱེལ་བྱས།

    ཕྲུ་གུ་གཉིས་ནས་རྟག་ཏུ་ཨུ་ཚུགས་མཐར་སྐྱེལ་བྱེད་པ་དང་སྐབས་རེ་མིག་ཆུ་ཡང་འདོན་པ་མཐོང་དུས། ཡོན་ཏན་བཟའ་ཚོ་གཉིས་ནས་ཕྲུ་གུའི་སེམས་པར་ཕོག་ཐུག་མི་འགྲོ་བ་དང་ཕྲུ་གུའི་ལ་རྒྱ་སྲུང་ཆེད། ཁྱི་གུ་ཞིག་ཉོ་རྒྱུའི་ཁས་ལེན་བྱས། ཁྱི་གུ་རྒྱུད་པ་ལེགས་གྲས་ཤིག་ཉོ་དགོས་བྱུང་ན་དངུལ་མང་པོ་སྤྲོད་དགོས་ཤིང་། ཡོན་ཏན་ལ་གླ་ཕོགས་ངེས་ཅན་ཡོད་ཀྱང་། བཟའ་ཟླར་ལས་ཀ་མེད་པ་དང་། ད་དུང་ཕྲུ་གུ་གཉིས་ལ་འགྲོ་སོང་མང་པོ་གཏོང་དགོས་སྟབས། ཁྱི་གུ་ཞིག་ཉོ་བར་དངུལ་མང་པོ་དེ་འདྲ་སྤྲོད་འདོད་མ་བྱུང་བས། ཡོན་ཏན་ནས་བསམ་བཀོད་འཐེན་མཐར་ཕྱི་ནས་ཁྱི་ལྡོམ་གྱི་ཁྱི་གུ་ཞིག་བསྒྲུགས་ཏེ་ཁྱིམ་ལ་ལོག ཁྱིམ་དུ་སླེབས་པ་དང་ཡོན་ཏན་ནས་ཕྲུ་གུ་གཉིས་ལ་ཁྱི་གུ་དེར་དངུལ་མང་པོ་སྤྲད་དེ་ཉོས་པས། ད་ནས་བཟུང་ཁྱེད་རང་གཉིས་པོས་སློབ་སྦྱོང་ལ་འབད་བརྩོན་གྱིས་གྲུབ་འབྲས་སྔར་ལས་བཟང་བ་ཐོབ་པ་བྱེད་དགོས་ཞེས་ནན་བཤད་བྱས། 

    ཕར་བལྟས་ཚོད་ལ་ཁྱི་གུ་ཚང་མ་ཆུང་ངུའི་དུས་ཡིད་དུ་་འོང་བ་ཤ་སྟག་ཡིན་པས། ཕྲུ་གུ་གཉིས་པོའི་སེམས་ལ་ཨ་ཕས་བཤད་པ་བདེན་པར་སེམས་ཏེ། སེམས་ཤིན་ཏུ་དགའ་ཞིང་སློབ་སྦྱོང་ཐད་སྔར་བས་འབད་བརྩོན་བྱ་རྒྱུའི་ཁས་ལེན་དམ་བཅའ་བྱས།

    ཁྱིམ་ཚང་གཞན་ཚོས་རང་རང་གི་ཁྱི་དང་ཞི་མིར་བཟོ་གྲྭ་ནས་ཆེད་དུ་བཟོས་པའི་ཟས་རིགས་ཉོས་ཏེ་སྟེར་བས། ཡོན་ཏན་ཚང་གི་ནང་མི་ཚོས་ཀྱང་དེའི་ལད་མོ་བྱས་ཏེ་ཁྱི་ཟས་ཉོས་ཏེ་སྟེར་བ་དང་། ཟས་རིགས་དེ་རིགས་ཉོ་ཁོམ་མ་བྱུང་ཚེ་ཤ་ཁོ་ན་སྟེར་བས། རིམ་བཞིན་དེ་གོམས་གཤིས་ཆགས་ཏེ། ཆེད་བཟོས་ཟས་རིགས་དང་ཤ་མེད་ན་ཟས་གཞན་གཏན་ནས་མི་ཟ། ཁྱི་གུ་ཉིན་རེ་ལས་མ་འདས་པར་འཚར་ལོངས་བྱུང་བ་དང་བསྟུན་ནས། གྲོད་པ་ཡང་ཇེ་ཆེར་འགྲོ་བས། ཁྱིའི་ཟས་ཀྱི་འགྲོ་སོང་ཇེ་ཆེར་འགྲོ་བ་དང་། ཁྱི་ནི་ད་དུང་རིམ་གྱིས་འཚར་བ་དང་བསྟུན་ནས་ཟས་ཀྱི་ཟ་ཤུགས་སྔར་བས་ཀྱང་ཆེ་རུ་འགྲོ་བ་དང་འགྲོ་སོང་ཡང་ཇེ་ཆེར་འགྲོ་རྒྱུ་ནི་ཨ་ཅང་བརྗོད་མེད་རེད།

    དུད་ཚང་གཞན་གྱི་ཁྱི་ནི་རིགས་དང་རྒྱུད་པའི་དབང་གིས་མ་གཞི་ནས་གཟུགས་སྟོབས་ཆུང་བའི་ཐོག ཆུང་དུས་ནས་གཅུན་འདོམས་གོམས་གཤིས་སུ་སོང་ནས། བཙོག་གཅིན་གང་བྱུང་དུ་མི་གཏོང་བ་དང་། ཡོན་ཏན་ཚང་གི་ཁྱི་ནི་ཕྱི་ནས་སྒྲུག་པའི་ཁྱི་ལྡོམ་གྱི་ཁྱི་གུ་ཡིན་ཁར། ཁྱིམ་ལ་སླེབས་རྗེས་ཟས་བྱིན་པ་ཙམ་ལས་གཞན་གྱི་གཅུན་འདོམས་མེད་པས། བཙོག་གཅིན་གང་བྱུང་དུ་བཏང་སྟེ། སྐབས་རེ་མིའི་རྐང་པར་ཁྱི་སྐྱག་སྦྱར་ནས་གང་སར་བཙོག་པ་བཟོ་བ་དང་། དུས་དུས་ལ་ཁྱིམ་གྱི་གདན་དང་གྱོན་གོས། མལ་ས་སོགས་ཀྱི་སྟེང་དུའང་བཙོག་གཅིན་བཏང་ནས་ཁྱིམ་ནང་ཁྱིའི་སྐྱག་གཅིན་གྱི་དྲི་མས་ཁེངས་པས། ཡོན་ཏན་བཟའ་ཚོ་གཉིས་ཀྱིས་བསམ་བློ་ཡང་ཡང་བཏང་མཐར། ད་ནི་མུ་མཐུད་འདི་འདྲ་བྱས་ནས་སྡོད་ཐབས་མི་འདུག་པས། བྱ་ཐབས་སྤྱད་ནས་ཁྱི་དེ་གཡུག་ཐབས་མ་བྱས་ན། འགྲོ་སོང་ཆེ་བའི་ཐོག ཁྱིམ་ཚང་གི་གཙང་སྦྲ་དང་ཁྱིམ་མིའི་བདེ་ཐང་སོགས་ལ་གནོད་སྐྱོན་བཟོ་བ་འདུག ད་དུང་སྐབས་རེ་ཉིན་ཤས་ངལ་གསོ་ཡོད་དུས་ཕ་ཡུལ་དང་ཡང་ན་ལྷ་ས་སོགས་སུ་འགྲོ་བསམས་ཀྱང་། ཁྱི་དེ་གང་འདྲ་བྱེད་དགོས་མིན་མ་ཤེས་པར་ལུས། དེར་བརྟེན་ཕྲུ་གུ་གཉིས་པོས་མ་ཚོར་བ་བྱས་ཏེ་ཁྱི་དེ་ཁྱིམ་ནས་འདོན་ཐབས་ཐད་གྲོས་བསྡུར་ཡང་ཡང་བྱས། 

    དེ་ནས་ཉིན་ཞིག་གི་མཚན་མོ་ཕྲུ་གུ་གཉིས་པོ་གཉིད་ལ་རོལ་རྗེས། ཡོན་ཏན་ནས་ག་ལེར་ཡར་ལངས་པ་དང་། ཁྱི་དེ་སྒམ་ཆུང་ཞིག་གི་ནང་དུ་བླུགས་ཤིང་རླངས་འཁོར་ནང་དུ་བཅུག་ནས་སྡེ་ཁུལ་དང་བར་ཐག་རིང་ས་ཞིག་ལ་གཡུག་པར་སོང་། ཁྱི་གཡུགས་ནས་ཁྱིམ་དུ་འབྱོར་རྗེས་བཟའ་ཚོ་གཉིས་ཀྱི་སེམས་ནང་། ད་ནས་བཟུང་ཁྱིའི་འགྲོ་སོང་དང་བཙོག་གཅིན་སོགས་ཀྱི་ཐད་ལ་སེམས་ཁྲལ་བྱེད་དགོས་མེད་སྙམ་སྟེ་སེམས་བདེ་བར་གྱུར།

    ཞོགས་པ་ཕྲུ་གུ་གཉིས་མལ་ལས་ལངས་དུས་ཁྱི་མཐོང་རྒྱུ་མེད་པས། ཕ་མ་གཉིས་ལ་ཁྱི་གང་དུ་ཡོད་མིན་འདྲི་དུས། ཕ་མ་གཉིས་ནས་སྔ་ས་ནས་ཁ་ཆད་བྱས་པ་བཞིན། ཕལ་ཆེར་མདང་དགོང་ཁྱེད་རང་གཉིས་ནས་ཁྱི་ལ་ལྟ་རྟོག་ཡག་པོ་མ་བྱས་པར་ཕྱི་ལ་དོན་རྗེས། ཁྱི་རྐུན་གྱིས་བརྐུས་སོང་བ་རེད་ཅེས་ཕངས་སེམས་དང་འཁང་རའི་ཚུལ་དུ་སྨྲས། ཕྲུ་གུ་གཉིས་ཀྱི་སེམས་ལའང་དེ་ལྟར་ཡིན་ངེས་སྙམ་ནས་སེམས་སྡུག་དང་བཅས་ཁ་ཁུ་སིམ་མེར་ལུས།

    དེ་ནས་ཉིན་གཅིག་སོང་རྗེས་ཀྱི་དགོང་དྲོ་སློབ་གྲྭ་གྲོལ་ནས། ཕྲུ་གུ་གཉིས་པོ་ཁྱིམ་ལ་སླེབས་པ་དང་། མི་རིང་བར་སྒོའི་ཕྱི་ནས“སིའུ་སིའུ”ཞེས་ཁྱིའི་སྣ་སྐད་འདྲ་བ་ཞིག་ཐོས་པ་མ་ཟད། སྐབས་སྐབས་ལ་སྒོ་ལ་སྦར་བྲད་བྱེད་པ་ལྟ་བུའི་སྒྲ་ཞིག་གྲགས་པས། ཕྲུ་གུ་གཉིས་ནས་ང་ཚོའི་ཁྱི་གུ་མིན་ནམ་ཟེར་བཞིན་མྱུར་བར་སྒོ་ཕྱེ་སྟེ་བལྟ་སྐབས། ཁོ་ཚང་གི་ཁྱི་དེ་ཡིན་འདུག་པས། ཕྲུ་གུ་གཉིས་པོ་ཤིན་ཏུ་དགའ་སྟེ། ཁྱིའི་སྐེ་ལ་འཐམས་ཏེ་འཕུར་འཕུར་ཡང་ཡང་བྱེད་པ་དང་། ད་ནས་བཟུང་ང་གཉིས་ནས་ལྟ་རྟོག་གང་ལེགས་བྱས་ཏེ། ཁྱེད་རང་བོར་བརླག་མི་འགྲོ་བ་བྱེད་ངེས་ཡིན”ཟེར། ཚུལ་དེ་མཐོང་དུས་ཡོན་ཏན་བཟའ་ཚོ་གཉིས་པོ་སྨྲ་རྒྱུ་མེད་པར་ལྐུགས་པའི་ཚུལ་དུ་གནས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།