[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • རྣམ་རྟོག

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   རྣམ་གླིང་རིན་ཆེན།    |    སྤེལ་དུས།   2019-05-19

    ཨ་ཁུ་དོན་གྲུབ་ནི་གཡང་ལུང་སྡེ་པའི་ཡུལ་མི་ཚོའི་ཁྲོད་དགུང་ལོ་བགྲེས་ཤོས་དེ་ཡིན། ད་ལྟ་ཁོའི་ངལ་ནུས་ཡོངས་སུ་ཤོར་བས། ཁྱིམ་དུ་བསྡད་ནས་དཔེ་ཆ་ཁ་འདོན་བྱེད་རྒྱུ་དང་། ཕྱི་རོལ་དུ་སོང་ནས་འཆམ་འཆམ་བྱེད་པར་འགྲོ་རྒྱུ་ནི་ཁོའི་ཚེ་མཇུག་གི་ལས་ཀ་གཙོ་བོ་གཉིས་ཡིན།

    ཉིན་ཞིག་ཁོ་སྲང་ལམ་དུ་འཆམ་འཆམ་དུ་འགྲོ་བའི་སྐབས་མིག་མདུན་གྱི་བྱིས་པ་དེ་ཚོ་དང་ཐག་མི་རིང་བའི་ས་ན། བུད་མེད་ཅིག་གིས་ལག་པར་སྒྲ་སྙན་ཐོགས་ཏེ་སྒྲ་སྙན་དཀྲོལ་བཞིན་ཡོད་པ་མཐོང་བས། ཁོའི་སེམས་པ་དེ་མ་ཉིད་དུ་དངངས་འཚབ་ཀྱིས་ཁེངས་ཏེ་སྒྲ་སྙན་དཀྲོལ་བཞིན་པའི་མི་དེའི་གམ་དུ་ཕྱིན། འོན་ཀྱང་། སྒྲ་སྙན་དཀྲོལ་མཁན་ནི་བུད་མེད་ཅིག་ཡིན་པས། ཁོའི་ཁ་ནས་རང་དབང་མེད་པར། “རྣམ་རྟོག་རང་རེད། ད་ཡིན་ན་དུས་རབས་ངོ་མ་འགྱུར་འདུག སྙིགས་མའི་དུས་ཀྱི་མི་རྣམས་ཅི་འདྲའི་མ་རབས་ཚ་བ་ལ་ཨང་། ད་ནི་བུད་མེད་ཚོས་ཀྱང་སྒྲ་སྙན་དཀྲོལ་གྱིན་འདུག”ཅེས་པའི་སྐད་ཆ་དེ་ངག་ནས་ཤོར། ཁོས་དེ་འཕྲལ་རང་གི་མིག་ཟུང་ལག་པས་བཀབ་སྟེ་ཁ་ཕྱིར་བསྐོར་ནས་འདུར་མ་རྒྱུག་གིས་བུད་མེད་དེ་དང་རྒྱང་དུ་གྱེས། བུད་མེད་ཅིག་གིས་སྒྲ་སྙན་དཀྲོལ་གཏོང་བྱེད་པ་མཐོང་དུས། ཁོའི་ངོ་མདོག་ནི་ཀུ་ཤུའི་མདོག་བཞིན་དམར་པོར་གྱུར་ཞིང་། སྙིང་ཁའི་འཕར་ཚད་ཀྱང་ཇེ་མགྱོགས་སུ་སོང་།

    ཁོ་རང་ལ་ཕང་སེམས་དྲག་པོ་ཞིག་སྐྱེས་པ་འདྲ། ཁོས་མུ་མཐུད་ནས་རང་ཁྱིམ་གྱི་ཕྱོགས་སུ་གོམ་ཁ་བསྒྱུར། ལམ་བར་དུ་ཁོས་དོན་དག་མང་དག་ཅིག་ལ་འདང་རྒྱག་བྱས། སྔོན་ཆད་ཡིན་ན། སྐྱེས་པ་ཕོ་ཡིས་མ་གཏོགས་དམན་ཆུང་བུད་མེད་ཚོས་སྒྲ་སྙན་དཀྲོལ་བའི་སྲོལ་ཞིག་གང་ན་ཡོད། ཁོས་དེ་ལྟར་སེམས་བཞིན་རང་ཁྱིམ་གྱི་སྒོ་ཕྱེ་ནས་ནང་དུ་འཛུལ། སྒོ་རའི་ནང་ཁོའི་བུ་རྒན་པ་བཀྲ་ཤིས་རྒྱལ་གྱིས་བཞོ་ཟེའུ་ལག་ཏུ་བཟུང་ནས་འབྲི་མོའི་འོ་མ་འཇོ་བཞིན་ཡོད་པ་མཐོང་། ཁོས་རང་གི་ལག་པས་མིག་གཡས་པར་ཕུར་ཕུར་ལན་འགའ་བྱས་ཏེ་ཡང་བསྐྱར་ཞིབ་ལྟ་ཞིག་བྱས་པས། བུ་ཚེ་རིང་གིས་དངོས་གནས་བཞོ་ཟེའུ་ལག་ཏུ་ཐོགས་ནས་འབྲི་མོའི་འོ་མ་འཇོ་བཞིན་ཡོད་པས། ཁོ་ནི་ཁོང་ཁྲོ་གཏིང་ནས་ལངས་ཏེ། “བདུད་ཕྲུག བདུད་ཕྲུག་ཁྱོད་ཡིན་ན། སྐྱེས་པ་བུ་ཡིས་འོ་མ་འཇོ་སྲོལ་ཞིག་གང་ན་ཡོད། ངོ་མ་རྣམ་རྟོག་རེད། སྡེ་པའི་ཡུལ་མི་གཞན་གྱིས་གནས་ཚུལ་དེ་ཤེས་ན། ང་ཕ་རྒན་གྱི་གདོང་པ་ཆུ་ལ་བསྐྱུར་ཁོ་ཐག་ཡིན”ཞེས་སྨྲ་ཞོར། ལག་ཏུ་བཟུང་བའི་འཁར་བ་དེ་ཁོའི་ཕྱོགས་སུ་འཕངས། བུ་ཚེ་རིང་གིས་ཨ་ཕའི་བསམ་ཚུལ་མ་རྟོགས་པས། ཁོའི་བསམ་པར་དེ་རིང་ཨ་ཕ་ལ་དོན་དག་ཅི་ཞིག་བྱུང་བ་ཡིན་ནམ། དེ་འདྲའི་ཁོང་ཁྲོ་བྱེད་དོན་ཅི་ཡོད་བསམས། ཨ་ཁུ་དོན་གྲུབ་ནི་ཁོང་ཁྲོས་རབ་ཏུ་མྱོས་ཏེ་ཡུད་ཙམ་ཞིག་གི་རིང་མིག་མདུན་གྱི་ཡོད་དོ་ཅོག་ནག་མག་མོག་ཏུ་གྱུར་ནས་མིག་ཟུང་ཡང་འབྱེད་དཀའ་བའི་ཚད་དུ་གྱུར།

    ཡུད་ཙམ་སོང་རྗེས། ཨ་ཕའི་ཁོང་ཁྲོ་ཅུང་ཟད་འཇགས་པའི་སྐབས་དང་བསྟུན་ནས། ཁོའི་བུ་བཀྲ་ཤིས་རྒྱལ་གྱིས་ཨ་ཕ་ལག་པས་སྐྱོར་བཞིན་ནང་སྦུབས་མར་བསྐྱལ། འོན་ཀྱང་། ཨ་ཁུ་དོན་གྲུབ་ཀྱི་རྣ་བའི་བུ་གར“ཐྲག ཐྲག”ཅེས་པའི་སྒྲ་ཞིག་བར་མཚམས་མེད་པར་ཐོས་བྱུང་བས། ཁོས་མལ་ཁྲི་ལས་དལ་བུས་ཡར་ལ་ལངས་ཏེ་བར་ཁྱམས་སུ་ཕྱིན་ནས་ཡང་སྙིང་སྒྲ་དེ་གང་ནས་གྲགས་འོང་མིན་ལྟ་བར་སོང་།

    “དཀོན་མཆོག་གིས་མཁྱེན། ཐན་ལྟས་རང་རེད། དེ་འདྲའི་རྣམ་རྟོག་ཚ་བ་ལ”ཡིན་རྒྱུ་ནི་ཁོའི་བུ་འབྲིང་བ་ཁྱི་ཕྲུག་ཐར་གྱིས་འཐག་ཁྲིའི་ཐོག་བསྡད་ནས་གདན་འཐག་གིན་འདུག ཨ་ཁུ་དོན་གྲུབ་ཀྱིས་བུ་འབྲིང་བས་གདན་འཐག་གིན་ཡོད་པ་མཐོང་དུས། དེ་མ་ཉིད་དུ་ངོ་མདོག་སྐྱ་རོག་རོག་ཏུ་གྱུར་ནས། “ད་ནི་ངའི་ཁྱིམ་ཚང་དེ་ལ་མོ་ཟད་ཐེབས་པ་ཡིན་ནམ། སྐྱེས་པ་ཚོས་ཀྱང་མི་ལས་དགུ་ལས་བུད་མེད་ཀྱི་ལས་ཁོ་ན་ལས་ཀྱིན་འདུག དེ་འདྲ་རྣམ་རྟོག་རང་རེད། ང་ཚོ་འུ་ཐུག་ཐབས་ཟད་གང་གི་གནས་སུ་གྱར་ཡང་། རྣམ་རྟོག་ཅན་གྱི་ལས་ཀ་དེ་འདྲ་ལས་ན་ག་ལ་འགྲིག”ཅེས་སྨྲ་བཞིན་མགོ་བོ་ཡང་ཡང་གཡུག་སྟེ། “མ་གཞི་ནས་ཁྱོད་ཚོའི་མནའ་མ་སྐྲ་རིང་མ་དེ་གང་དུ་ལྡོམ་དུ་སོང་བ་ཡིན”ཞེས་བུ་འབྲིང་བ་ཁྱི་ཕྲུག་ཐར་ལ་དྲིས་བྱུང་བས། ཁོ་ནི་ཨ་ཕའི་ཕྱོགས་སུ་མིག་ཟུང་ཐད་ཀར་ལྟ་མི་ཕོད་པར་མགོ་བོ་ཅུང་ཟད་མར་ལ་དུད་ནས།“མནའ་མ་ཐོག་ཁར་འདུག དེ་རིང་མོའི་གྲོགས་མོ་འགའ་ཁྱིམ་དུ་སླེབས་པས། ཐོག་ཁར་ཆང་འཐུང་ཞོར་ཤོ་རྩེད་ཀྱིན་འདུག”ཅེས་བཤད་པས། ཁོའི་ཨ་ཕ་ནི་རང་གི་རྣ་བར་ཡིད་མ་ཆེས་པར། “ག་རེ། ཤོ་རྩེད་ཀྱིན་འདུག་ཟེར་བ་ཡིན་ནམ། བུད་མེད་ཚོས་ཤོ་རྩེད་པའི་སྲོལ་ཞིག་གང་ནས་དར་བ་ཡིན། མནའ་མ་རྒྱགས་རིལ་དེ་ཁྱིམ་དུ་བསུས་རྗེས། ངེད་ཚོའི་ཁྱིམ་ལ་རྣམ་རྟོག་ཅན་གྱི་ལས་ཀ་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་གྱི་འདུག དེ་རིང་ངས་མོ་ལས་སླ་པོར་མི་འཇོག་ཁོ་ཐག་ཡིན”ཞེས་རྗོད་བཞིན། ལུས་པོ་འཁྱར་འཁྱོར་ངང་མདུན་དུ་སྤོས་ནས་ཐོག་ཁར་སོང་།

    མནའ་མ་དང་བུད་མེད་འགའ་ཤས་ལྷན་དུ་རུབ་ནས་ངོ་མ་ཆང་འཐུང་ཞོར་ཤོ་རྩེད་ཀྱིན་འདུག ཨ་ཁུ་དོན་གྲུབ་ནི་ངོ་གནག་ནས། “ད་ཡིན་ན་ཚང་མ་སྨྱོ་འདུག དངོས་གནས་འཇིག་རྟེན་མགོ་མཇུག་ལྡོག་འདུག”ཟེར་ཞོར་སྐས་འཛེག་ལས་དལ་གྱིས་མར་ལ་བབས་ཏེ་ཐད་ཀར་རང་གི་ཁང་མིག་ཆུང་ངུ་དེའི་ནང་དུ་འཛུལ་ནས་སྒོ་མོ་ཁྲོག་སེ་བརྒྱབ་སོང་། ཡུད་ཙམ་ཞིག་གི་རིང་། ཁོ་ཚང་གི་ཁང་པའི་བར་ཁྱམས་ཡོད་ཚད་ཁུ་སིམ་མེར་འདུག ཐ་ན། དབུགས་ཀྱང་རྔུབ་ལེན་བྱེད་ཀྱིན་ཡོད་མེད་གཏན་ནས་ཚོར་གྱི་མི་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།