[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ཕ་ཡུལ་གྱི་དུས་བཞི།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཡོན་ཏན་རྒྱ་མཚོ།    |    སྤེལ་དུས།   2019-05-26

    བདག་གི་ཕ་ཡུལ་ནི་མཛེས་སྡུག་ཡིད་དུ་འོང་ཞིང་ངོ་མཚར་ལྡན་པའི་བོད་ལྗོངས་སུ་གནས་ཡོད། ས་འདིའི་ཕྱོགས་བཞི་མཚམས་བརྒྱད་གངས་རི་དཀར་པོས་བསྐོར་བས་གངས་ཅན་ལྗོངས་ཞེས་པའི་སྙན་པའི་མིང་གི་བ་དན་འཛམ་གླིང་ས་ཕྱོགས་གང་སར་གཡོ་བར་བྱེད། ཚང་ཚིང་འཁྲིགས་པའི་ནགས་ཚལ་མང་ཞིང་རྩྭ་ཆུ་འཛོམས་ལ། གསེར་ལྡན་དགའ་མའི་མངལ་གྱི་སྲོག་ཆགས་ཐམས་ཅད་ཀྱང་བློ་བདེ་བག་ཕེབས་ངང་འཚོ་གནས་བྱེད་བཞིན་ཡོད་ཅིང་། དུས་ཚིགས་སོ་སོའི་ཁྱད་ཆོས་མངོན་པར་གསལ།

    དཔྱིད་ཀར་ས་གཞི་ཆེན་པོའི་རུམ་དུ་ཉལ་བའི་སྐྱེ་དངོས་ཐམས་ཅད་གཉིད་ལས་སད་དེ་ལང་ཚོའི་གསོན་ཤུགས་རྒྱས་པ་དང་། མཚོ་དང་མཚེའུའི་འཁྱག་རོམ་བཞུར་ནས་ཉ་མོའི་ཁྱུ་ཚོགས་ཆུ་ནང་གང་འདོད་རྩེད་འཇོར་རོལ་ཞིང་། ཆུ་རྫིང་ནང་གི་སྦལ་པས་ཀོ་ཀོ་ཞེས་པའི་སྐད་སྒྲ་སྒྲོག་པ་དེ་ནི་ལང་ཚོའི་དཔལ་འབར་བའི་དཔྱིད་ཀའི་རྣམ་པར་བསྟོད་གླུ་ལེན་དང་གཉིས་སུ་མ་མཆིས། ཆུ་འགྲམ་དུ་སྐྱེས་པའི་རྒྱ་ལྕང་རྣམས་ཀྱིས་དཔྱིད་ཀའི་བསིལ་རླུང་དང་འགྲོགས་ཏེ་མགོ་ལྕོག་ལྡེམ་ལྡེམ་བྱེད་བཞིན་མཛེས་སྡུག་ལྡན་པའི་དཔྱིད་ཀར་བསུ་བ་བྱེད། ལྡུམ་རའི་ནང་དུ་མེ་ཏོག་གི་དྲི་ཞིམ་རབ་ཏུ་འཐུལ་བས་དཔྱིད་ཀའི་རྣམ་པ་དེ་བས་ཡིད་དབང་འཕྲོག

    དབྱར་ཁ་སླེབས་སྐབས། ཡངས་པའི་ས་གཞི་ཆེན་པོར་སྔོ་ལྗང་གི་སྟོད་གོས་གྱོན་པ་ལྟར་སྐྱེ་དངོས་ཐམས་ཅད་སྔོ་ཐིང་ངེར་གནས་འདུག་ཅིང་། རྩྭ་ཐང་སྟེང་དུ་ནོར་ལུག་ཁྱུ་དངཁྱུ་རོ་བཅུད་རྫོགས་པའི་རྩྭ་ལྗང་ལོངས་སྤྱོད་བྱེད་བཞིན་འདུག དབྱར་ཁ་ནི་ཚ་དྲོད་ཆེ་བའི་དུས་ཤིག་ཡིན་པས་མི་རྣམས་ཀྱང་མཐའ་འཁོར་གྱི་རྫིང་བུའི་ནང་དུ་ཆུ་རྐྱལ་རྩེད་བརཤིན་ཏུ་དགའ་མོས་ཆེ།

    སྟོན་ཁའི་ས་གཞི་ནི་གསེར་མདོག་གི་ཚོན་རྩི་བྱུག་པ་བཞིན་སེར་ཐིང་ཐིང་དུ་སྣང་ཞིང་། ཞིང་ནང་གི་ལོ་ཏོག་སྨིན་པས་སོ་ནམ་ཞིང་པ་བྲེལ་འཚུབ་ལྡན་པའི་དུས་ཤིག་ཡིན་པས། ཞིང་པ་རྣམས་ཀྱི་ངོ་གདོང་ནས་དགའ་བའི་འཛུམ་མདང་རྒྱས་བཞིན་ཞིང་ནང་དུ་འབྲས་བུས་གཏམས་པའི་ལོ་ཏོག་བསྡུ་བའི་ལས་ལ་བྲེལ།

    གྲང་ངར་ལྡན་པའི་དགུན་ཁ་སླེབས་དུས། མཐའ་འཁོར་གྱི་ས་གཞི་ཡོངས་གངས་ཀྱིས་གཏུམས་ནས་དཀར་ཐིང་ངེར་གནས་ཡོད་པ་ནི་ས་གཞི་ཆེན་པོ་དགུན་གྱི་གྲང་ངད་མ་བཟོད་པར་སྲིང་བལ་སྟོད་གོས་དཀར་པོ་ཞིག་གྱོན་པ་ལྟ་བུར་སྣང་། འོན་ཀྱང་། གནམ་གཤིས་ཅི་འདྲའི་གྲང་ངར་ཆེ་ཡང་བྱིས་པ་རྣམས་ནི་གངས་འཁྱགས་ཁྲོད་གངས་བཞུད་གློད་པ་དང་གངས་རྩེད་ལ་རོལ་བཞིན་བྱིས་བློའི་སྤྲོ་སྣང་དང་དགོད་སྒྲས་གངས་ལྗོངས་ས་གཞིར་གསོན་ཤུགས་རྫོགས་མེད་སྦྱིན།

    རེད་ཨང་། ཕ་ཡུལ་བོད་ལྗོངས་མཛེས་ཤིང་ལྟ་ན་སྡུག བདག་ནི་ཕ་ཡུལ་ལ་དགའ་ཞིང་ཕ་ཡུལ་གྱི་དུས་བཞིར་དེ་བས་དགའ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།