[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • སྔར་སོང་གི་ལོ་ཟླ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཆོས་འཕེལ།    |    སྤེལ་དུས།   2019-05-26

    དུས་ཚོད་ནི་གཡང་གཟར་ནས་ལྷུང་བའི་རྦབ་ཆུ་རེད་ལ། དུས་ཚོད་ནི་བཟློག་ཏུ་མེད་པའི་ཆོས་ཉིད་འབའ་ཞིག་རེད། གང་ཡིན་ཟེར་ན། དུས་ཚོད་ཀྱིས་ངའི་དགའ་སྐྱོ་ཟུང་འབྲེལ་གྱི་སློབ་ཆུང་གི་འཚོ་བ་དེ་ལྟར་ཁྱུར་མིད་བཏང་ཞིང་། དུས་ཚོད་ཀྱིས་ངའི་ཞེན་ཆགས་ཆེ་བའི་སློབ་འབྲིང་གི་འཚོ་བ་ཡང་ཡོལ་ལ་ཉེ་བའི་མཚམས་སུ་སྦྱར། ད་ཆ་སྐུ་དྲིན་གཞལ་བར་དཀའ་བའི་དགེ་བའི་བཤེས་གཉེན་རྣམས་དང་བརྩེ་དུང་འོ་ཆུ་གཅིག་ཏུ་འདྲེས་པའི་སློབ་མ་ཚོ་དང་བྲལ་ལ་ཉེ། བདག་གི་ཡིད་སེམས་དྭངས་གསལ་གྱི་ཤེལ་སྒོའི་ངོས་སུ་འཆར་བ་ནི་སློབ་འབྲིང་འཚོ་བའི་ཁྲོད་ཀྱི་དགོད་སྒྲ་དང་སློབ་ཁྲིད་ཀྱི་རྣམ་པ་དེ་དག་རེད་ལ། དེ་དག་ལ་མནོ་བསམ་གཏོང་དུས་སྐྱོ་གདུང་གི་མིག་ཆུ་བདག་གི་སྙིང་དབུས་སུ་བཞུར་ནས་དྲན་སེམས་ཀྱི་ཟུག་རྔུ་འབྱིན་པར་བྱེད།

    སྔར་སོང་ལོ་ཟླའི་ཁྲོད་ཀྱི་བྱ་བ་ཙག་ཙིག་གང་འདྲ་ཞིག་ཡིན་རུང་། བདག་གི་དུས་ནམ་ཡང་བརྗེད་མི་སྲིད་ལ། ལོ་ཡི་ཉག་མ་དེ་དག་ནང་བདག་ལ་བཀའ་དྲིན་ཆེ་བའི་དགེ་བའི་བཤེས་གཉེན་རྣམས་དང་བདག་དང་མཉམ་དུ་ལོ་གསུམ་གྱི་སློབ་འབྲིང་འཚོ་བ་སྐྱེལ་མཁན་སློབ་གྲོགས་རྣམས་སུ་ཡིན་ནའང་འདྲ་གང་ལྟར་བདག་གི་དམར་ཆུང་སེམས་དབུས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་བརྗེད་ག་ལ་སྲིད།

    འདས་ལ་ཉེ་བའི་ལོ་ཡི་ཉག་མ་གསུམ་གྱི་་ནང་། ང་ཚོ་སློབ་མ་རྣམས་དགེ་བའི་བཤེས་གཉེན་རྣམ་པའི་མཛའ་བརྩེ་ཆེ་ཞིང་གཏིང་ཟབ་པའི་ཁ་ཏ་སློབ་གསོ་དང་ཡང་དག་འཁྲུལ་མེད་ཀྱི་སློབ་ཁྲིད་འོག་ཏུ་འཚར་ལོངས་བྱུང་ཞིང་། ང་ཚོ་སློབ་མ་རང་ཉིད་ནས་ཀྱང་དཀའ་ལས་དང་སྡུག་བསྔལ་ལ་སོགས་ཀྱི་འགོག་ཤུགས་གང་འདྲ་འཕྲད་རུང་། རང་གི་ཕུགས་ཀྱི་འདུན་པ་དོན་གཉེར་གྱི་བསམ་བློར་གཡོ་འགུལ་མ་བཏང་བར། དུས་ནམ་ཡང་ཤེས་བྱ་རིག་པའི་གནས་ལ་འབད་བརྩོན་ཆུ་མོའི་རྒྱུན་བཞིན་བསྟེན་ཏེ་ལོ་གསུམ་གྱི་དམའ་འབྲིང་གི་འཚོ་བར་བསུབ་ཐབས་བྲལ་བའི་རྩ་ཆེའི་བག་ཆགས་གང་མང་བཞག་ཡོད།

    སློབ་འབྲིང་འཚོ་བ་ནི་མི་ཚེ་གཅིག་གི་ནང་ཆེས་བརྗེད་པར་དཀའ་བའི་བརྒྱུད་རིམ་ཞིག་ཡིན། ན་ཆུང་སློབ་མ་ཚོའི་ངོས་ནས་བརྗོད་ན་བརྒྱུད་རིམ་དེ་ནི་བགྲོད་པར་དཀའ་བའི་ཀྱག་ཀྱོག་གི་ལམ་བུ་ཞིག་དང་ཁྱད་མེད། དེར་བརྟེན་ང་ཚོས་སློབ་འབྲིང་སྐབས་ཀྱི་དོན་དག་ཆེ་ཆུང་ཚང་མར་དྲན་སེམས་ལྷག་པར་འཆང་བཞིན་ཡོད་ལ། སླད་ཕྱིན་འཚོ་བའི་ཁྲོད་དུ་རང་ལ་བཀའ་དྲིན་ལྷག་པར་ཆེ་བའི་དགེ་བའི་བཤེས་གཉེན་དང་སློབ་གྲོགས་རྣམས་བརྗེད་མི་སྲིད་ལ། ཁོང་རྣམས་ཀྱི་བཀའ་སློབ་ཡོད་ཚད་མ་བརྗེད་པར་མ་འོངས་ཕ་ཡུལ་འཛུགས་སྐྲུན་ལ་ཕན་པའི་མི་ཞིག་ཆགས་ཆེད། མུ་མཐུད་འབད་འཐབ་བྱ་རྒྱུ་ལགས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།