[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • རྨོ་བོ་ལགས་ཀྱི་བྱམས་སྐྱོང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསོད་ནམས་པད་མ།    |    སྤེལ་དུས།   2019-05-26

    འཇིག་རྟེན་སྟེང་ཆེས་གཡོ་ལྷད་མེད་པ་དང་ཆེས་བླ་ན་མེད་པའི་བརྩེ་དུང་ནི་ཕ་མས་ཕྲུ་གུར་བཅངས་པའི་བརྩེ་བ་ཟབ་མོ་དེ་རེད་ཟེར། འོན་ཀྱང་ངའི་ངོས་ནས་བཤད་ན་དེ་འདྲ་རྩ་བ་ནས་མིན། གུས་མོ་རང་ཉིད་ནི་ཕ་མའི་བརྩེ་བའི་དྲོ་སྐྱིད་མ་ཐོབ་པའི་ཕྲུ་གུ་ཞིག་ཡིན། ཡིན་ན་ཡང་ཕ་མ་མཉམ་འཛོམས་ཀྱི་ཕྲུ་གུར་ཡིད་སྨོན་རྩ་བ་ནས་སྐྱེས་མ་མྱོང་ལ་ཡིད་སྐྱོ་བ་དང་སེམས་ཕངས་པའི་སྣང་བ་ཡང་ཤར་མ་མྱོང་། རྒྱུ་མཚན་གང་ཞེ་ན། རང་ཉིད་ལ་དྲིན་ཆེན་ཕ་མ་དང་གཉིས་སུ་མ་མཆིས་པའམ་ཐ་ན་ཁོང་གཉིས་ལས་ལྷག་པའི་བྱམས་བརྩེ་ཅན་གྱི་རྨོ་བོ་ལགས་ཡོད་པས་ཡིན།

    དེ་ཡང་ངའི་རྨོ་ལགས་ད་ཆ་སྐུ་གཟུགས་ཆུང་ལ་ཤ་སྐམ་པ་དང་ངོ་གདོང་སྟེང་དུ་དུས་ཀྱི་གཉེར་མའི་ཆུ་རིས་ཀྱིས་གང་ཞིང་། ལོ་ན་རྒས་རུང་ཁོང་དུས་རྒྱུན་ཁྱིམ་ལས་གནང་སྐབས་བདེ་ཅག་འཁྱུག་ལ་གྲུང་ཤ་དོད་པ་དང་། འཚོ་བའི་དཀའ་ངལ་ཡོད་ཚད་འཛུམ་གྱིས་བསུས་གནང་གི་ཡོད། ལྷག་པར་ང་ཚོ་ཆུང་དུས་རྨོ་ལགས་ཀྱིས་དཀའ་སྡུག་ཚང་མ་ཕྲག་སྟེང་དུ་བསྣམས་ཏེ་ངེད་གཅེན་གཅུང་གཉིས་གང་སྤྱིའི་ཐད་ལ་ཕྲུ་གུ་གཞན་ལ་སྨོན་མི་དགོས་པ་ཞིག་གནང་བྱུང་། ངའི་རྨོ་བོ་ལགས་ཀྱིས་དུས་རྒྱུན་དུ་ངེད་གཉིས་ལ་ཡ་རབས་སྤྱོད་བཟང་ལྡན་པའི་མི་ཞིག་བྱེད་དགོས་ན་ཤེས་བྱ་རིག་གནས་སྦྱོང་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་རེད་ཅེས་གསུངས་ནས་ངེད་གཉིས་ཀྱི་སློབ་སྦྱོང་ལ་རེ་བ་ནན་པོ་བཏོན་གནང་གི་ཡོད་པས་སློབ་གྲྭའི་ནང་སློབ་སྦྱོང་གི་སྦྱངས་འབྲས་ཀྱང་མདུན་གྲལ་ཤ་སྟག་ཏུ་སླེབས་པ་ནི་ཁོང་གི་བཀའ་དྲིན་ལོས་ཡིན།

    བརྩེ་བའི་རྨོ་བོ་ལགས། ངེད་གཉིས་ཀྱིས་ཁྱེད་ཀྱི་བསླབ་བྱ་སེམས་ལ་བརྟན་པོར་ངེས་ནས་མུ་མཐུད་སློབ་ལ་འབད་བརྩོན་ལྷོད་མེད་ཀྱིས་བྲག་རྡོའི་གསེང་གི་རྩྭ་རྐང་ཞིག་དང་འདྲ་བར་འཁོན་ཐོགས་མེད་པར་མྱུ་གུ་འབུས་ཐུབ་པ་བྱ་རྒྱུ་ཡིན། དེ་བས་ཁྱེད་ཀྱི་བྱམས་བརྩེའི་གསོ་སྐྱོང་ལ་སྙིང་དབུས་ནས་སྐུ་ལས་ཁག་སོང་ཞུ་རྒྱུ་ཡིན་ལ། ཁྱེད་ནི་ནམ་ཡང་ངེད་གཉིས་ཀྱི་དྲིན་ཆེ་བའི་ཕ་མ་ངོ་མ་དེ་ཡང་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།