[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • གཟི་བཀྲ་ཤིས་ཀྱི་སྙན་ངག་ཁག་ལྔ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-23

    ༄༅། །ཆར་པ་མེད་པའི་མཚན་མོར་ཆར་དུས་ཀྱི་མཚན་མོ་དྲན་པ།

    རབ་ཏུ་ཁྲོས་ནས་དྲག་ཏུ་འབབ་བཞིན་པ་ནི།

    མཚན་དགུང་ཆུ་ཚོད་བཅུ་གཅིག་གི་མིག་ཆུའོ།

    རྔུལ་ཆུའོ།

    སྲོས་དོམ་ནག་གི་འབྲུག་སྐད་ལ་ཞེ་ཁྲེལ་མི་འདུག

    མཚན་དགུང་འདིའི་གློག་ཞགས་ལ་ངོ་ཚ་མི་འདུག

    དྲག་ཆར་གྱིས་བཀྲུ་མི་ཐུབ་པའི་ཚ་བ་འདི།

    འབྲུག་སྐད་ཀྱིས་དཀྲོགས་མི་ནུས་པའི་དྲན་པ་འདི།

    གློག་ཞགས་ཀྱིས་གསལ་མི་སྲིད་པའི་གྲིབ་གཟུགས་འདི།

    ཕྱི་རོལ་གྱི་གནམ་གཤིས་འགྱུར་འདུག

    མ་རེད། བར་གྱི་གྱང་རོ་ཁོ་འགྱུར་འདུག

    མ་རེད། མ་རེད། ནང་གི་མི་ཁོ་འགྱུར་འདུག



    ༄༅། །ཁ་བ་བབས་པས་ཡག་བྱུང་།

    ཁ་བ་བབས་པས་ཡག་བྱུང་།

    ཁ་ཤུལ་ཉི་མ་དྲོ་རྒྱུ་ཡོད་ཟེར།

    ད་ལོ་ཁ་བ་མཐུག་པོ་བབས་གྱུར་ན།

    ཕྱི་ལོ་ལོ་ལེགས་ཡོང་བར་ཐེ་ཚོམ་མེད་ཟེར་བ་ནི།

    ན་ནིང་གཞིས་ནིང་གི་སྐད་ཆ་རེད།

    པ་ཕ་ཨ་མ་ཚོའི་སྐད་ཆ་རེད།

    ད་ནི་ཁ་བ་ཐེངས་གཅིག་བབས་ན།

    གནམ་ནད་སངས་ངེས་རེད་ཟེར།

    གངས་ཆེན་ཞིག་བབས་པ་མ་མཐོང་བར།

    ཡུན་རིང་སོང་ཟེར་བ་ནི།

    ཁ་ས་ཁ་ཉིན་གྱི་སྐད་ཆ་རེད།

    གཞོན་པ་གཞོན་མ་ཚོའི་སྐད་ཆ་རེད།

    ཁ་བ་བབས་པས་ཡག་བྱུང་།

    ཁ་བ་དེ་ལྟར་ལྷབ་ལྷུབ་ཏུ་མ་བབས་ན།

    ངའི་བུ་མོ་ཆུང་ཆུང་དེས།

    གངས་སྐྱོན་ཟེར་བ་དང་། གངས་ཕྱིད་ཟེར་བ།

    གངས་རི་ཟེར་བ་སོགས་ཀྱི་ཐ་སྙད་དེ་དག་གི་

    གོ་དོན་ཤེས་ཐབས་བྲལ།



    ༄༅། །མི་གཤིས་ཀྱི་ཉམས་རྒུད།

    ས་ཆ་ཁ་ཤས་ནས།

    ངས་ངོ་ཤེས་པའི་མི་རྣམས་ཇེ་ཉུང་ལ་སོང་།

    ང་རང་ལ་བདེ་བདེ་ལྷོད་ལྷོད་ཀྱི་སྣང་བ་ཞིག་སྟེར་གྱིན་འདུག

    མ་གཞི། ངས་བྱ་ངན་གང་ཡང་སྤེལ་རྩིས་མེད་མོད།

    ས་ཆ་ཁ་ཤས་ནས།

    ངས་ངོ་ཤེས་པའི་མི་རྣམས་ཇེ་རྒྱང་ལ་སོང་།

    ང་རང་ལ་གྲང་ཤུར་ཤུར་གྱི་སྣང་བ་ཞིག་སྟེར་གྱིན་འདུག

    མ་གཞི། ངས་སུ་ལ་ཡང་བསུན་པོ་བཟོ་རྩིས་མེད་མོད།



    ༄༅། །རྒྱུ་རྐྱེན།

    འཇབ་རྨུགས་ལ་གོམས་པའི་ཁྱི་དེ།

    ངས་ཐེར་ཚལ་སྦར་ཚལ་བཟོ་ག་ལ་ནུས།

    སྲོག་གཅིག་ལ་འཛེམ་པ་མ་ཡིན།

    བདག་པོ་དེར་སྐྲག་པ་ཡང་མ་ཡིན།

    ཡིན་རྒྱུ་ནི།

    ང་རང་ཡང་ལྐོག་ཟས་ལ་གོམས་པས་རེད།


    ༄༅། ། དྲན་པའི་ཀློང་གི་དྲུག་གཅིག

    དྲུག་གཅིག་ནི་འོག་འཇུག་དཀར་པོ་ཞིག་ཡིན།

    དྲུག་གཅིག་ནི་འགྱིག་ལྷམ་སྔོན་པོ་ཞིག་ཡིན།

    དྲུག་གཅིག་ནི་གོང་དཀྲིས་དམར་པོ་ཞིག་ཡིན།

    དྲུག་གཅིག་ནི་བག་ལེབ་སྒོར་སྒོར་ཞིག་ཡིན།

    དྲུག་གཅིག་ནི་སྒོ་ང་རྡོག་རྡོག་ཅིག་ཡིན།

    དྲུག་གཅིག་ནི་སྒོར་ཙག་ཁ་ཤས་ཤིག་ཡིན།

    དྲུག་གཅིག་གི་ཉི་མ་དགུང་ནས་ཤར་དུས།

    ཚོང་པ་ཉི་ཚེ་བ་དག་གི་ངོ་གདོང་འཚིག་འགྲོ།

    དྲུག་གཅིག་གི་རླུང་བུ་དལ་གྱིས་གཡོ་དུས།

    ཨ་སྲུ་རེ་གཉིས་ཀྱི་ཞལ་རས་མཇལ་རྒྱུ་ཡོད།

    དྲུག་གཅིག་གི་ཉི་མ་བཞུད་ལ་ཉེ་དུས།

    ཨ་མ་མཉམ་དུ་དགའ་ཞིང་སྤྲོ་ཞིང་ཁྱིམ་ལ་ལོག་རྒྱུ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།