[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • གླེན་པ་ཅིམ་ཕེར་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-28

    སིན་ཀོས་བརྩམས(ཨ་རི) རལ་གྲི་སྒང་སྤེན་རྒྱལ་གྱིས་བསྒྱུར།

    གཅིག

    ང་ནི་གླེན་པ་ཅིམ་ཕེར་ཡིན། འོན་ཏེ་ངས་ནི་རང་ཉིད་གླེན་པ་མིན་པར་སྤྱང་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཉེ་འཁོར་གྱི་མི་ཚང་མས་ང་ལ་གླེན་པ་ཞེས་འབོད་ཀྱི་རེད། དེ་ཡང་ང་རང་སློབ་ཕྲུག་ཡིན་དུས། མི་ཚོས་ང་ལ་མིང་འདོགས་དེ་བཏགས་པ་རེད། རྩིས་ཤིག་བརྒྱབ་ན་ང་ལ་མིང་འདོགས་མི་འདྲ་བ་བདུན་ཙམ་འདུག་སྟེ། ཟ་རོ་དང་ལྐུགས་པ། སྐྱག་ལྐུགས། ཀླ་ཀློ། བོང་བུ། ལ་ཕུག གླེན་པ་བཅས་ལས་མིང་འདོགས་མཐའ་མ་དེ་ངའི་རྒྱུན་སྤྱོད་ཀྱི་མིང་ཞིག་ཏུ་འགྱུར་བ་རེད། ང་ཡང་སྙིང་ཕྱོགས་གང་གི་ཐོག་ནས་གླེན་པ་ཡིན་ནམ། གཅིག་བྱས་ན་མགོ་སྐོར་ཐེབས་སླ་བས་ཡིན་ངེས། ཁོང་ཚོས། ཅིམ་ཕེར། ར་པིའི་མནའ་མར་ཕྲུ་གུ་ཞིག་བཙས་པ་རེད། ཁྱེད་ཀྱིས་ཤེས་སམ་ཞེས་འདྲི་དུས། ངས་སློབ་གྲྭར་མ་ཕྱིན་པར་བདེན་རྫུན་བལྟ་བར་འགྲོ་བ་ལས་རྫུན་གཏམ་ཞིག་ཡིན་པ་ག་ནས་ཤེས། ཁོང་གི་ལྟོ་བ་ནི་འབུར་མི་འདུག འོ་རེད། མ་གཞི་ནས་ངས་ཁོང་གི་ལྟོ་བར་དོ་སྣང་བྱ་མྱོང་མེད། ང་ངོ་མ་གླེན་པ་དགོད་བྲོ་བ་དེ་འདྲ་ནི་ཨེ་ཡིན། ཁོང་ཚོས་ང་ལ་བལྟས་ཏེ་གད་མོ་རྫོགས་མེད་དགོད་པ་དང་རྐང་འཁྲབ་ལག་འཁྲབ་བྱེད་པ་མ་ཟད། ད་དུང་ཉལ་ཁའི་གསོལ་འདེབས་ཀྱི་གླུ་ཡང་ལེན། བུད་མེད་ལ་ཕྲུ་གུ་བཙའ་དུས་ཁོང་ཚོས་ནམ་རྒྱུན་དང་མི་འདྲ་བར་ངའི་སྦར་བའི་ནང་རྒུན་འབྲུམ་སྐམ་པོའི་ཚབ་ལ་རིལ་མ་ཨུ་ཚུགས་ཀྱིས་བླུག་གི་ཡོད། ང་གྱོང་པོ་མེད་པ་མིན་ཏེ། གལ་སྲིད་སུ་ཞིག་གིས་ང་ལ་མུར་མཛོག་ཅིག་གཞུས་པ་ཡིན་ན་ངས་ཁོར་གཞུ་ཐེངས་གཅིག་གིས་དེ་མ་ཐག་ཁེ་ལ་ཁེ་ཧྥུར་སྐྱེལ་གྱི་རེད། ཡིན་ནའི་ང་ཆུང་དུས་ནས་རྒྱག་རེས་ལ་མི་དགའ། མཚམས་མཚམས་སུ་ངའི་བསམ་པར་གཡུགས་ཞོག འདི་ལ་དགོས་པ་ཅི་ཡོད་སྙམ་དུས་ཁོང་ཚོས་གོ་སྐབས་དེ་བཟུང་ནས་ང་ལ་ངན་པོ་བྱེད་པ་རེད། ཉིན་ཞིག་ང་སློབ་གྲྭ་ནས་ཁྱིམ་དུ་ལོག་དུས། ངས་ཁྱིའི་སྐད་ཅིག་གོ་བྱུང་། ང་རང་ཁྱི་ལ་མི་ཞེད་མོད་ཡིན་ནའང་ངས་གང་ཡིན་འདི་ཡིན་མེད་པར་ཁྱི་ལ་བསྙད་མི་བརྐོ་སྟེ། གལ་སྲིད་ཁྱི་སྨྱོན་ཞིག་གིས་ང་ལ་རྨུགས་ན་གྱད་མི་ཞིག་ཡོད་ནའང་རོགས་པ་བྱ་ཐབས་བྲལ་བས་ངས་བྲོས་གང་ཐུབ་བྱེད་ཀྱི་ཡོད། ཡིན་ནའི་ངས་ཁ་ཕྱིར་བསྐོར་ནས་བལྟ་དུས། ཁྲོམ་ལམ་དུ་ཡོད་པའི་མི་ཚང་མས་གད་མོ་ཤུགས་ཆེན་དགོད་ཀྱི་འདུག དོན་དུ་ཁྱི་གཅིག་ཀྱང་མཐོང་རྒྱུ་མེད་པར་རྐུན་མ་ཨོར་ཧྥུ་ལེ་པུ་ཟེར་བའི་ལྟས་ངན་ཁོ་རེད་འདུག འུང་འུང་ཞེས་པའི་སྐད་དེ་ཁྱི་མོ་ཞིག་གི་སྐད་དང་ཨ་ན་མ་ན་ཡིན་པས་ཁོས་ང་ལ་ངན་དེ་འདྲ་བྱས་ཡོང་བསམ་བསམ་མེད། ཀྱག་ཀྱག་དང་ངན་པོ་བྱེད་པར་དགའ་བའི་མི་འདི་དག་ཚང་མས་ངའི་རྩ་ནས་ཁེ་བཟང་འདྲ་རག་ཐབས་བྱེད་པ་འདི་ཡང་གཙོ་བོ་ང་ནི་མགོ་སྐོར་གཏོང་སླ་བ་ཞིག་ཡིན་པས་རེད།

    “ཅིམ་ཕེར། གོང་མ་ཧྲ་ཧོང་ཧྥོ་རན་པོར་ལ་ཕེབས་མཁན་རེད” “ཅིམ་ཕེར། ཟླ་བ་ཐོར་ཕིང་གི་གནས་སུ་ལྷུང་འདུག” “ཅིམ་ཕེར། ཧོར་ཐེ་·ཧྥོ་པི་སེ་ཆུང་བས་ཁྲུས་ཁང་གི་རྒྱབ་ངོས་ནས་གཏེར་མཛོད་གཅིག་རྙེད་འདུག”ལ་སོགས་པའི་སྐད་ཆས་ང་ནི་གོ་མེད་ཚོར་མེད་དུ་ཡིད་ཆེས་པར་གྱུར། ངས་ཁོང་ཚོས་བཤད་པའི་སྐད་ཆར་ཡིད་ཆེས་བྱེད་དོན་གང་ཡིན་ཟེར་ན། གཅིག 《མེས་པོའི་རྣམ་དཔྱོད》ཅེས་པའི་དཔེ་དེབ་དེའི་ནང་བྱ་བ་གང་ཡང་འབྱུང་སྲིད་པ་ཞེས་འཁོད་ཅིང་ཞིབ་ཕྲ་གསལ་པོ་ཞིག་མི་དྲན། གཉིས། གྲོང་མི་ཚང་མས་ང་ལ་འདི་ལྟར་བརྗོད་པས་ཡིད་ཆེས་མི་བྱེད་ཀ་མེད་ཡིན་ཏེ། གལ་སྲིད་ངས་མ་རེད། ཁྱོད་ཚོས་ང་ལ་མགོ་སྐོར་གཏོང་གིས་ཞེས་ཟེར་ན་ཁོང་ཚོ་རླུང་དྲག་པོ་ལངས་ཏེ“ཅི་ཟེར། ཁྱོད་ལྟར་ན་ང་ཚོ་ཚང་མ་རྫུན་རྐྱལ་རེད་ཟེར་རམ”ཞེས་བརྗོད་དེ་ཆག་སྒོ་འབྱུང་རྒྱུ་གཏན་འཁེལ་རེད། དེའི་རྐྱེན་པས་ངས་ཁོ་ཚོར་ཡིད་ཆེས་མི་བྱེད་ཀ་མེད་ཡིན་ཞིང་ཉུང་མཐར་ཡང་དེའི་ཐོག་ནས་ཁོང་ཚོར་ཕན་པ་འདྲ་ཐོབ་ནའང་འགྲིག་པ་རེད། ང་ནི་དྭ་ཕྲུག་ཅིག་ཡིན་ཞིང་ང་རང་ཆེན་པོ་ཆགས་ཆགས་པར་གསོ་སྐྱོང་གནང་མཁན་གྱི་སྤོ་བོ་ལགས་ཚེ་ཡི་འཕེན་པ་རྫོགས་གྲབས་ཡོད་པས། ཁོང་ཚོས་ང་མེན་པའོ་བསྲེག་ཁང་ཞིག་ཏུ་བསྐྱལ་བྱུང་། འོན་ཏེ་དེ་ཡུན་གྱི་འཚོ་བ་ནི་ཡ་ང་བ་ཞིག་རེད་ཨང་། ཉིན་ལྟར་མེན་པའོ་བསྲེག་པར་ཡོང་མཁན་གྱི་བུད་མེད་དམ་ན་ཆུང་མ་དེ་ཚོས་ཉུང་མཐར་ཡང་ང་ལ་རྩེད་མོ་རེ་རྩེ་བ་རེད། “ཅིམ་ཕེར། གནམ་གྱི་སྟེང་ལའང་ཚོང་ར་ཆེན་པོ་ཞིག་ཡོད་རེད་དཱ། ཅིམ་ཕེར། ར་པི་ལགས་ཀྱིས་ཟླ་བདུན་ནང་བེའུ་ཞིག་གསོས་ཡོད་རེད་དཱ། ཅིམ་ཕེར། བ་མོ་ཞིག་གིས་ཐོག་ཁར་འཕུར་ཏེ་ཟངས་ཀྱི་སྒོ་ང་ཞིག་བཏང་འདུག་གཱ”སོགས་ཟེར་བ་དང་། ཡང་ཐེངས་ཤིག་ཡ་ཧུ་དཱ་པའི་སློབ་གྲྭ་ནས་འོང་བའི་སློབ་མ་ཞིག་གིས་མེན་པའོ་ཉོ་བར་འོང་དུས། “ཅིམ་ཕེར། ཁྱེད་ཀྱིས་རྒན་ལགས་ཀྱི་ལྕགས་ཁེམ་དེས་སླ་ངའི་མཐིལ་དཀྲུག་དུས་མི་སས་ཡ་མི་ཡུལ་དུ་ཕེབས་ཤིང་འཆི་པོ་སླར་ཡང་གསོས་ཐུབ་པ་བྱུང་འདུག”ཅེས་ཟེར་བས། ངས“འོ་ན་ངས་ར་དུང་བུས་པ་མ་ཐོས་པ་ཅི་ཡིན”ཞེས་ལན་སློག་པར་ཁོས“ཁྱེད་འོན་པ་ཨེ་ཡིན”ཞེས་ཟེར་བས་དེར་ཡོད་ཀྱི་མི་ཚང་མས་ང་ཚོས་ཐོས་བྱུང་། ང་ཚོས་ཐོས་བྱུང་ཞེས་སྐད་བརྒྱབ། དེའི་རྗེས་སུ་ལཱ་སྒྲོན་བཟོ་པ་ལི་ཙེ་སླེབས་ཤིང་ཁོས་སྐད་འཛེར་བཞིན“ཅིམ་ཕེར། ཁྱེད་ཀྱི་ཕ་མ་གཉིས་པོ་དུར་ནང་ནས་ཐོན་ཏེ་གང་སར་ཁྱེད་འཚོལ་བཞིན་འདུག”ཅེས་ཟེར། དྲང་མོར་བཤད་ན། དོན་འདིའི་རིགས་གཅིག་ཀྱང་ལྷག་མེད་པ་ངས་གསལ་ཞིང་གསལ་བ་ཤེས་ཀྱང་ཐབས་ཅི་ཡོད། གང་ལྟར་ཁོང་ཚོས་དེ་འདྲའི་རིགས་ཤོད་གང་ཐུབ་བྱེད་པ་རེད། དེ་དག་བཤད་མ་ཐག་ངས་མགྱོགས་མྱུར་ལུག་བལ་གྱིས་བསླས་པའི་ཁན་སྦྱར་དེ་གོན་ནས་ཕྱིར་ཐོན་འགྲོ་བ་ཡིན་ཞིང་སེམས་ནང་དོན་འདི་འདྲ་འབྱུང་བའི་ངེས་པའང་ཡོད་སྲིད་པས་ཐེངས་གཅིག་བལྟས་པར་སྐྱོན་ཅི་ཡོད་སྙམ་མོད། ཨ་ཁ། ཡང་ཁོང་ཚོས་གད་མོ་ཆེན་པོ་དགོད་ཀྱི་འདུག དེ་ནས་བཟུང་ངས་སུ་ཞིག་གི་གཏམ་ལའང་ཡིད་ཆེས་མི་བྱེད་པའི་དམ་བཅའ་བཞག་པ་ཡིན། འོན་ཏེ་འདི་ལྟར་བྱས་ནའང་མི་འགྲིག་སྟེ། ཁོང་ཚོས་བདེན་པ་དང་རྫུན་མ་བསྲེས་ནས་བརྗོད་པས་ང་རྦད་དེ་འཐོམ་པར་བྱེད། ཐབས་གཅིག་རང་ཡོད་པ་ནི། ར་པིའི་སར་བསྐྱོད་དེ་ཁོང་ལ་བཀའ་འདྲི་ཞུ་རྒྱུ་དེ་རེད། ཁོང་གིས་“དམ་པའི་གསུང་རབ་ནང་ཚེ་གཅིག་གླེན་པར་གྱུར་ཀྱང་སྡིག་ལས་ཐེངས་གཅིག་བརྩམས་པ་ལས་ལེགས་ཞེས་འཁོད་འདུག་ཅེས་དང་། ཁྱེད་གླེན་པ་མ་རེད། གླེན་པ་ངོ་མ་ནི་ཁོང་ཚོ་རེད། རང་དང་ཉེ་བའི་མི་ལ་འཕྱ་སྨོད་དང་བརྙས་བཅོས་བཤད་ན་རང་ཉིད་ལྷ་ཡུལ་ལ་བགྲོད་པའི་ཐེམ་སྐས་བརླགས་པ་ཡིན”ཞེས་ཟེར། ཡིན་ནའང་ཁོང་གི་བུ་མོས་ང་ལ་མགོ་སྐོར་བཏང་བྱུང་བ་ནི། ང་ར་པི་དང་གྱེས་ཁར་ཁོ་མོས“ཁྱེད་ཀྱིས་གྱང་ལ་འོ་བྱས་པས”ཟེར། དེར་ངས“མེད། གྱང་ལ་འོ་བྱེད་དོན་གང་ཡིན་ནམ”ཞེས་དྲིས་པར། ཁོ་མོས“འདི་ནི་སྒྲིག་སྲོལ་རེད། ཁྱེད་ཡོང་རིམ་བཞིན་འོ་བྱ་དགོས”ཞེས་ཟེར་བས། ངའི་བསམ་པར་འོ་བྱོས་ཟེར་ན་བྱ་རྒྱུ་རེད། གང་ལྟར་གནོད་ཚབ་ནི་གང་ཡང་མེད་སྙམ་མུར་ཁོ་མོས་གད་མོ་ཆེན་པོ་བགད་སོང་། དྲན་རྒྱུ་རྒོད་པའི་བུ་མོ་འདིས་ང་ལ་མགོ་སྐོར་བཏང་ནའང་ཐོང་དུ་ཆུགས། གང་ལྟར་ང་ནི་གྲོང་རྡལ་གཞན་ཞིག་ཏུ་སྤོ་མཁན་ཡིན། སྐབས་དེར། ཡང་མི་ཚང་མས་ཚ་ཚ་འུར་འུར་ངང་ང་ལ་བཟའ་ཟླ་ཞིག་འཚོལ་བའི་སྟ་གོན་བྱེད་ཅིང་ཉིན་ལྟར་ངའི་མཇུག་ཏུ་འོང་ནས་སྟོད་གོས་ཀྱང་དབྲལ་གྲབས་བྱེད། ཁོང་ཚོས་ངའི་རྣ་རྩར་གཏམ་རྫོགས་རྒྱུ་མེད་པ་བཤད་པས་མཐར་ངའི་རྣ་བ་གཉིས་པོ་ཡང་མཆིལ་མས་རློན་རྐྱང་བཟོས་འདུག

    ཁོང་ཚོས་ང་ལ་ངོ་སྤྲོད་བྱ་རྒྱུར། མ་གཞི་བུ་མོ་དེ་ལུས་བསྲུངས་ཟོལ་མེད་ཐུབ་མཁན་དེ་འདྲ་མིན་ནའང་མོ་གསར་ཞིག་རེད་ཟེར། བུ་མོ་དེ་ལམ་ལ་འཁྱག་གེ་འཁྱོག་གེར་འགྲོ་མོད་ཁོང་ཚོས་ཟེར་ན་ངོ་ཚའི་རྐྱེན་གྱིས་འདི་ལྟར་འགྲོ་བ་རེད་ཟེར། མོ་ལ་བྱིས་ཕྲུག་ཞིག་ཡོད་པ་དེར་ཁོང་ཚོས་ཟེར་ན་མོའི་གཅུང་པོ་ཡིན་པར་བརྗོད་པས་ངས་སྐད་ཤུགས་ཆེན་པོས་“ཁྱེད་ཚོས་དུས་ཚོད་འཕྲོ་བརླག་མ་གཏོང་། ཇི་ལྟར་བྱས་ནའང་ངས་གཞང་འཚོང་མ་དེ་མནའ་མར་ལེན་གྱི་མ་རེད”ཅེས་བརྗོད་པར། ཁོང་ཚོ་འཚིག་པ་ཟོས་ཏེ“ཁྱེད་ཀྱི་སྐད་ཆ་ནི་གནས་ལུགས་དང་མི་མཐུན་པས་དེ་ལྟར་བརྗོད་དུས་ངོ་མི་ཚའམ། མོའི་མིང་བརྫད་པར་ང་ཚོས་ཁྱེད་ར་པིའི་རྩར་འཁྲིད་དེ་ཆད་པ་ཕོབ་རྒྱུ་ཡིན”ཟེར་བས་ད་གཟོད་ངས་ཁོང་ཚོ་དང་ཁ་བྲལ་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་བ་ཞིག་ཡིན་པ་ཚོར། ངས་བལྟས་ན་ཁོང་ཚོས་རྐང་བཙུགས་ནས་ང་རྩེད་མོ་རྩེ་ཡུལ་གྱི་འབེན་ལྟ་བུར་བཞག་འདུག ཡིན་ནའང་། གཉེན་སྒྲིག་ཚར་རྗེས་མོས་ཀྱང་ཁྱོ་ག་ནི་ཁྱིམ་གྱི་བདག་པོ་ཡིན་པའི་འདུ་ཤེས་བཟུང་ན། དེ་ནི་སྡུག་གི་ཁྲོད་ནས་བདེ་བ་རྙེད་པ་ཞིག་མིན་ནམ། དེར་མ་ཟད། འཚོ་བའི་ལམ་བུའི་ཐོག་ཀྱག་ཀྱོག་དང་འབར་འབུར་མེད་པ་ནི་མི་སྲིད་པས་བྱ་བཟང་འདི་ལྟ་བུ་འཕྲད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རང་རེད། མོའི་ཁྱིམ་ནི་འདམ་ལས་གྲུབ་པ་ཞིག་ཡིན་པ་མ་ཟད། བྱེ་ཐང་ཐོག་གནས་འདུག ང་མོའི་ཁྱིམ་དུ་འགྲོ་དུས་མི་དེ་ཚོས་ངའི་རྗེས་ནས་དེད་དེ་གླུ་ལེན་པ་དང་ལྟོག་ཅོར་རྒྱག་པའི་ཚུལ་དེ་ནི་ཁྱི་རྒན་ཁྱུ་གཅིག་གིས་མུ་ཅོར་བྱེད་པ་དང་ཨ་ན་མ་ན་རེད་འདུག ཁོང་ཚོ་ཁྲོན་པ་ཡོད་ས་ནས་མདུན་དུ་ཡོང་ནུས་མ་སོང་། དེ་ཡང་ཨེར་ཁཱ་དང་རྩོད་པ་ཐུབ་མྱོང་བསམ་ཞེད་པ་ཡིན་འདུག མོའི་གཏམ་ནི་རྣོ་ངར་དང་ལྡན་པའི་སོག་ལེ་ཞིག་དང་འདྲ་བས་སྐད་ཆ་ཁ་ནས་ཐོན་པ་དང་གཞན་ལ་ཟུག་རྔུ་འབྱིན་ཐུབ།

    མོའི་ཁྱིམ་དུ་འཛུལ་རྗེས། ཐོག་མར་མིག་ལམ་དུ་ཤར་བ་ནི་གྱང་ངོས་འདི་ནས་གྱར་ཕར་ཕྱོགས་སུ་སྐུད་པ་མང་པོ་འཐེན་ཡོད་པ་དེ་ཡིན་ཞིང་། སྐུད་པའི་ཐོག་གྱོན་གོས་སྐམ་བཞག་པ་དང་མོ་རང་རྐང་པ་དམར་རྗེན་མར་གོས་འཁྲུ་བཞིན་འདུག མོས་རྙིང་ཧྲུལ་དུ་གྱུར་པའི་ཨུ་མ་སུག་གི་སྟོད་ལཱ་རིང་པོ་ཞིག་གྱོན་ཡོད་པ་དང་། སྐྲ་རྣམས་ལྷད་མ་བསླས་ཏེ་ཟང་ཟིང་ངང་བཅོས་ཡོད་ཅིང་དེ་ནས་ལྡང་བའི་དྲི་ངན་གྱིས་ང་རང་རེ་ཞིག་དབུགས་ཀྱང་འབྱིན་རྔུབ་དཀའ་བར་གྱུར། མོས་ང་སླེབས་པ་ཤེས་འཕྲལ། བལྟ་ཙམ་བྱས་ཏེ། “ཡ། སུ་སླེབས་པ་རེད། ད་བྱེད་དུས་སུན་འདྲེ་ཁྱེད་རེད་འདུག སྡོད་དང”ཟེར་བས། ངས་ཡོང་དོན་གསལ་ཞིང་གསལ་བར་བརྗོད་པ་མ་ཟད། དོན་དག་གང་ལའང་མ་འདོད་པ་སྟོན་མེད། ངས་མོ་ལ“ཁྱེད་ཀྱིས་ང་ལ་དྲང་གཏམ་བརྗོད་དགོས་ཡོད། ཡང་སྙིང་ཁྱེད་མོ་གསར་ཡིན་ནམ། འཚུབ་ཐེར་ཆེ་ཨར་ཁོ་ངོ་མ་ཁྱེད་ཀྱི་གཅུང་པོ་རེད་དམ། ང་དྭ་ཕྲུག་ཞིག་ཡིན་པར་བལྟོས་ནས་དྲང་པོ་ཤོད་དང”ཟེར་བར། མོས“ང་ཡང་དྭ་ཕྲུག་ཅིག་ཡིན། སུས་ཁྱེད་ལ་རྫུན་བཤད་ཡོད་ན་དེའི་སྣ་ཁུང་ཀྱོག་པར་ཤོག སུས་ཀྱང་ངའི་རྩ་ནས་ཁེ་བཟང་བཟའ་འདོད་མ་བྱེད། ང་ལ་ཏུང་སྐར་གཅིག་དང་ལྔ་བཅུ་ཐོབ་པའི་སྐལ་རྫོངས་དགོས་པ་མ་ཟད་། ད་དུང་དངུལ་ཏོག་ཙམ་གྲབས་གསོག་བྱ་དགོས། དེ་མིན་ན། ཁོང་ཚོ་ངའི་རྐུབ་ལ་འོ་བྱེད་དུ་འཇུག་རྒྱུ་རེད”ཅེས་མོས་འཁོན་ཐོགས་མེད་པར་སྐད་ཆ་གང་ཡིན་ཐད་ཀར་བརྗོད་པར་ངས“སྐལ་རྫོངས་ནི་མནའ་མ་རང་ངོས་ནས་སྡོག་པ་ལས་མག་པས་བསྡོག་པ་ནི་ཨེ་ཡིན”ཞེས་བརྗོད་པར། མོས“ང་ལ་རིན་གོང་རྩོད་མི་དགོས། ཡིན་ན་ཡིན་དང་མིན་ན་མིན་པའི་སྐད་ཆ་ཤོད། དེ་མིན་ན། གང་ནས་ཡོང་ནའི་དེ་ག་རང་དུ་ལོག་རོགས”ཞེས་ཟེར་བས་ངའི་བསམ་པར་སྐྱེ་དམན་འདིའི་རྩ་ནས་ཁེ་བཟང་ཏིལ་ཙམ་ཡང་རག་བཟོ་མི་འདུག་ཀྱང་ང་ཚོའི་གྲོང་རྡལ་ཡང་སྐྱོ་པོ་མིན་རྐྱེན་མནའ་མས་གང་དགོས་དེ་བཞིན་དུ་བསྒྲུབས་པས་གཉེན་སྒྲིག་གི་ལས་དོན་འདི་བཞིན་བདེ་བླག་ཏུ་གྲུབ་སོང་། སྐབས་འཁེལ་བ་ཞིག་ལ་དེ་དུས་བཤལ་ནད་གང་སར་ཁྱབ་པས་གཉེན་སྒྲིག་གི་ཆོ་ག་སྤྱི་པའི་དུར་ས་གནས་ཡུལ་ཏེ། ཕུང་པོ་འཁྲུ་སའི་ཁང་ཆུང་དུ་གཉེར་བ་དང་། གཉེན་སྒྲིག་ལ་ཡོང་མཁན་གྱི་མི་རྣམས་ར་ཁྱི་ལྟར་བཟི་འདུག གཉེན་སྒྲིག་ཡིག་ཆ་འཇོག་ཁར་དད་སེམས་ཆེ་ཞིང་ཁྱད་དུ་འཕགས་པའི་ར་པིས་གློ་བུར་དུ། “མནའ་མ་འདི་ཡུག་མོ་རེད་དམ་ཡང་ན་བཟའ་ཐོར་བྱས་པ་རེད”ཅེས་དྲིས་པར། གཉེན་སྟོན་གྱི་སྣེ་མོ་འཛིན་པའི་རྨོ་བོ་ལགས་དེས་མནའ་མའི་ཚབ་ཏུ། “ཡུག་མོ་ཞིག་ཡིན་པ་མ་ཟད་བཟའ་ཐོར་བྱས་པ་ཞིག་ཀྱང་རེད”ཅེས་ལན་བཏབ་སོང་བས་དོན་འདི་ངའི་ངོས་ནས་བརྗོད་ན་གོད་ཆག་ཆེ་ཤོས་ཤིག་དང་མི་སྐྱིད་པའི་གནད་དོན་ཆེན་པོ་ཞིག་རེད། འོན་ཏེ། ང་ལ་བྱ་ཐབས་ཅི་ཡོད། གཉེན་སྒྲིག་གི་དགའ་སྟོན་རྟེན་འབྲེལ་སྐབས་སུ་བྲོས་ཕྱིན་ན་ག་ནས་འགྲིག སྐབས་དེར་མི་རྣམས་གླུ་ལེན་གར་འཁྲབ་ལ་རོལ་ཅིང་། ངའི་མདུན་ཐད་དུ་ཡོད་པའི་རྨོ་བོ་ཞིག་གིས་ནི་འོ་ཕྱེ་དཀར་པོའི་མན་པའོ་ཞིག་ཀྱང་པང་དུ་ཉར་འདུག

    (མུ་མཐུད་འགོད་རྒྱུ)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།