[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ༄༅།།དབྱར་གཞུང་ཉམས་དགའི་ཞིང་གྲོང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   སྣང་གསལ།    |    སྤེལ་དུས།   2019-07-28

    འདོད་རྒུ་གཏེར་དུ་རྫོཌ་པའི་ནོར་འཛིན་གཞིར། །

    མཚར་སྡུག་རྣམ་བཀྲའི་རི་མོ་ཅི་ཡང་འཆར། །

    འདོད་ཡོན་སྣ་ལྔའི་ལོངས་སྤྱོད་གྱ་ནོམ་པ། །

    ནམ་མཁའ་མཛོད་ལ་དབང་འབྱོར་དེ་ཀོ་མཚར། །ཞེས་བསྟོད་པའི་དབྱངས་ཀྱིས་སྔོན་བསུས་ཏེ། མཐོ་རིས་དགའ་ཚལ་ས་ལ་འཕོས་པ་ལྟ་བུའི་དབྱར་དུས་ཞིང་གྲོང་གི་ཉམས་དགའི་དཔལ་ཡོན་ནི་ཅི་འདྲའི་ངོ་མཚར་ཀུན་གྱི་ཕུལ་དུ་ཕྱིན་པའི་བསྔགས་བརྗོད་དར་དིར་བསྒྲོགས་ཡུལ་ཞིག་སྟེ། ཁྱོན་ཡངས་དྭངས་གཙང་གི་ཁོར་ཡུག་ཧྲིལ་པོ་གཡུ་ཡི་པང་གཅལ་གསར་དུ་བརྗེས་པའི་མདངས་འཛིན་འཇམ་གཉེན་རྩྭ་མཆོག་གི་འབོལ་བས་ས་མཁྲེགས་རྩུབ་པའི་རེག་བྱ་དག་མིང་གི་ལྷག་མར་བྱས་པའི་བདེ་འཇམ་གྱི་ནོར་འཛིན་གཞིར། སྣ་ཚོགས་རིན་ཆེན་ཕྲ་ཡིས་བརྒྱན་པ་ལྟར་དབྱིབས་ལེགས་མདངས་མཛེས་དཀར་དམར་སྔོ་སེར་མེ་ཏོག་གི་བྱེ་བྲག་རྫོགས་པར་བཞད་པ་དེ་ལ། མངོན་པར་ཞེན་ཅིང་སྲེད་པའི་ཕྱེ་ལེབ་དང་རྭ་ཡིག་གཉིས་ལྡན་ཚོགས་ནི་གེ་སར་གྱི་བཅུད་ལ་རོལ་ཏེ། ཟིར་ཟིར་དབྱངས་རྟ་འཐེན་བཞིན་འཕུར་ལྡིང་གར་གྱི་སྟངས་སྟབས་ཅི་ཡང་སྒྱུར། སྤུ་སྡུག་འདབ་མའི་ཤིང་རྟ་ཅན་དག་ཀྱང་འགྱུར་ཁུག་དབྱངས་བདུན་རྫོགས་པའི་རྫ་རྔ་དལ་བུར་དཀྲོལ་ཏེ། རྫོགས་ལྡན་གསར་པའི་དགེ་མཚན་ལ་བསྟོད་ཅིང་བསྔགས་པར་བྱེད། མཐོན་མཐིང་རྐང་ཐུང་གི་རྣམ་གྲངས་མང་པོས་ལྡིང་ཁང་ཡངས་པོར་བསྐྲུན་ཏེ། ཚ་བའི་རེག་བྱ་སྐྱོབ་པའི་རང་བྱུང་ཕན་གདུགས་འཕྱར་ལ། ལྷང་ལྷང་དུ་རྒྱུ་བའི་དྲི་བཞོན་བསིལ་བུས་ཀྱང་། རང་གི་མངའ་འབངས་ལས་དཔྱ་བའི་རྩི་བཅུད་མེ་ཏོག་གི་དྲི་ཞིམ་ལན་བརྒྱར་བདུགས་པར་བྱེད། ད་དུང་གཅིག་ལ་གཅིག་མཐུད་ཀྱི་དངུལ་མདོག་ཅན་གྱི་ཉལ་འགྲོའི་རྒྱུན་དག་ནི་དལ་འཇམ་ལྷུང་ལྷུང་གི་ངག་དང་འགྲོགས་ཏེ། ཉིན་མཚན་འཁོར་མོར་བདུད་རྩིའི་སྐྱེམས་ཆང་དྲངས་ལ་བྲེལ། རྙོག་བྲལ་འཁྱིལ་བའི་མཚེའུ་དང་ཆུ་རྫིང་དག་ནི་ཆར་ལྡན་དུས་ཀྱི་ངོ་མཚར་བཀོད་པ་མ་ལུས་ཤོང་པའི་ཀུན་མཐོང་ཞིག་དང་ཅི་ནས་མཚུངས་པར་སྤྲུལ་པས། ད་གཟོད་ཁ་བའི་ལྭ་བ་མནབས་པའི་བརྗིད་བརླིང་ས་འཛིན་དབང་གི་རྒྱལ་པོ་དེའང་འགྱིང་བག་གི་ཁྲི་ལས་གཞོལ་ཏེ། རང་གི་འཁོར་འབངས་རི་སྐྱེས་སྣ་ཚོགས་ཐབས་ཀྱིས་སྐྱོང་བའི་ཚུལ་ལ་མཐོན་པོའི་ཀུན་གསལ་ལྷ་ཡི་ལམ་ཡང་རྗེས་སུ་ཡིད་རངས་ཀྱི་བསྔགས་བརྗོད་ཀྱི་དབྱར་རྔ་དལ་བུར་བརྡུང་བ་དང་ལྷན། ཟིམ་ཆར་བདུད་བརྩིའི་བཅུད་ལས་གྲུབ་པའི་མཛེས་སྡུག་ཀུན་བསྡུས་ཀྱི་དབང་པོའི་གཞུ་རིས་ཀྱང་རང་རང་འདྲེན་བྱེད་ཀྱི་ལོངས་སྤྱོད་དུ་སྩལ་བ་སོགས་ས་སྟེང་གི་དགེ་མཚན་མ་ལུས་ཀློང་དུ་ཆུད་པར་བྱེད། རྐང་བཞིའི་ཁྱུ་ཚོགས་ནི་མི་ལྷུང་འཕྲེང་བ་ས་གཞིར་འཐོར་བ་བཞིན་དུ་མར་གད་མདངས་འཛིན་གྱི་སྤང་ལྗོངས་ཡངས་པོར་ལུས་ཀྱི་བཀྲག་མདངས་རྒྱས་ཤིང་ཤ་ཤེད་འཕེལ་བའི་དགའ་བ་འབུམ་གྱིས་མྱོས་ཏེ་རྩེ་བྲོ་ཅི་དགར་འཁྲབ། དེ་ལྟར་ཕུན་ཚོགས་འདོད་རྒུའི་མཆོད་སྤྲིན་ནོམ་པར་ཐོབ་པའི་མཆོག་དམན་གྱི་ལུས་ཅན་རྣམས་ནི། རྫོགས་ལྡན་གསར་པའི་དགེ་མཚན་ལ་ངང་གིས་སྤྱད་དེ་ཉེར་འཚེའི་སྡུག་བསྔལ་དཔག་ཚད་མཐར་དུ་བསྲིངས་ཏེ་བདེ་དགའི་དཔལ་ལ་གནས་པར་བྱས། ལྷག་དོན་སྐྱེས་འགྲོ་རྒན་གཞོན་ཚོགས་ནི་འབོལ་ཤིག་ཤིག་གི་ནོར་འཛིན་ངོས་སུ། རྩི་བཅུད་མེ་ཏོག་གི་བསུང་ཞིམ་ཁྲོད་དུ། ལྷུང་ལྷུང་དུ་འབབ་པའི་དལ་འགྲོའི་ངོགས་བཅས་སུ། བསིལ་རླུང་འཇམ་པོའི་རང་བྱུང་རླུང་གཡབ་རེ་ཐོགས་ཏེ་བདེ་བར་རྒྱུ་བའི་སྐལ་བཟང་ལ་བདག་གིར་སྤྱོད་པར་བྱེད་དོ།

    མ་བསྡུས་ཕུན་ཚོགས་ཀུན་གྱི་སྙིང་པོའི་བཅུད། །

    མ་འབད་སྐྱེ་རྒུའི་བསོད་ནམས་ཟོང་ལས་ཐོབ། །

    མ་བོས་བྱེད་པོའི་འཕྲིན་ལས་ཕ་མཐར་བརྒལ། །

    མ་བྲིས་མཚན་དཔེའི་ཞབས་པད་བརྟན་ལ་སྨོན། །

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།