[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ཕ་ཡུལ་དང་ཕ་མ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   གངས་ཆར།    |    སྤེལ་དུས།   2019-08-06

    ཕ་ཡུལ་དང་ཕ་མ་ནི་ཁོ་བོའི་དྲན་པའི་ཁོག་མའི་ནང་དུ་བཞད་པའི་མཛེས་ལྡན་གྱི་མེ་ཏོག་ཆ་གཅིག མེ་ཏོག་ཆ་འདི་དུས་ནམ་ཞིག་ལ་དཀའ་བ་ཇི་ཙམ་སྤྱད་ནས་ཁོ་བོའི་དྲན་པའི་ཁོག་མའི་ནང་དུ་བཏབ་མིན་ཁོག་མ་ཁོ་ནས་མ་གཏོགས་གཞན་སུས་ཀྱང་རྟོགས་པར་དཀའ།

    ཆུང་དུས་ཕ་ཡུལ་ཟེར་བའི་ཐ་སྙད་ལ་ངེས་ཤེས་དེ་ཙམ་མ་རྙེད་ལ། ཕ་མ་ཟེར་བའི་ཐ་སྙད་ལ་དེ་བས་སྣང་འཇོག་མ་བྱུང་། ལྷག་པར་དུ་ཕ་མས་རང་ཉིད་བྱམས་ཀྱིས་སྐྱོང་ཚུལ་དང་། ཕ་མས་རང་ཉིད་ཀྱི་ཆེད་དུ་བློས་གཏོང་གང་མང་བྱས་པ་དེ་དག་ཚང་མ་ཕ་མའི་ཕྲག་ཐོག་ཏུ་བབས་པའི་འོས་འགན་འབའ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་། ཉིན་ལྟར་ནམ་མ་ལངས་གོང་། ཕ་མས་ཁྱིམ་གྱི་ལས་ཀ་རྣམས་རེ་རེ་བཞིན་བསྒྲུབས་རྗེས་ཞོགས་པའི་ཉི་གཞོན་ཤར་བ་དང་སྦྲགས་ང་རང་མལ་ལས་བསླངས་ཏེ་ཞོགས་པའི་ལྟོ་ཆས་དག་གཡོས་སྦྱོར་ལེགས་པར་བྱས་ནས་མདུན་དུ་བསྒྲིགས། དེ་རྗེས་ཕ་མ་གཉིས་སྔར་བཞིན་ཉིན་གཅིག་གི་འཚོ་བའི་ལམ་དུ་འབྲེལ་ཚུབ་ངང་བཞུད་དུས། ང་རང་ནི་སྣང་བ་སྐྱིད་པའི་བུ་ཕྲུག་ཅིག་ཡིན་བསམ་པ་ལས་ཕ་མའི་གང་བྱས་ལས་ལ་དྲིན་ཚོར་གྱི་བསམ་པ་ཞིག་འཁོར་མ་མྱོང་།

    ཕ་ཡུལ་ནས་ངའི་བྱིས་དུས་ཀྱི་འཚོ་བའི་སྣང་བརྙན་དག་ཁ་བ་བཞིན་ལྷབ་ལྷུབ་ཏུ་འབབ་བཞིན་མཆིས་ལ། ཕ་ཡུལ་ནས་ཕ་མས་བདག་ལ་བཅངས་པའི་བརྩེ་བ་དག་རྦབ་ཆུ་ལྟར་ཤག་ཤག་ཏུ་འབབ་བཞིན་མཆིས། ཕ་ཡུལ་དྲན་ཞོར་དུ་ཕ་མ་དྲན་བྱུང་། ཕ་མའི་གངས་ལྟར་དཀར་བའི་བརྩེ་བ་དང་། ཆུ་རྒྱུན་ལྟར་རིང་བའི་ངང་རྒྱུད། ནམ་མཁའ་ལྟར་ཡངས་པའི་ཐུགས་དགོངས་དྲན་བྱུང་། ཕ་མ་དྲན་ཞོར་དུ་ཕ་ཡུལ་དྲན་བྱུང་། ཕ་ཡུལ་གྱི་སྔོ་ལྗང་གི་རི་ཆུ་དང་། སྔོ་བསངས་ཀྱི་ནམ་མཁའ། བག་ཡངས་ཀྱི་ནོར་ལུག་དྲན་བྱུང་ལ། དེ་བས་ནོར་ལུག་ལ་འཁོར་བའི་རྫི་བོ་ཡང་དྲན་བྱུང་། ད་དུང་རྫི་བོས་ནོར་ལུག་གི་ཁྱུ་ཚོགས་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་དེ་དྲན་བྱུང་། བརྩེ་བ་དེ་དྲན་ཚུལ་ནི་སྒེར་སེམས་སྤུ་ཙམ་མེད་པར་ཡོད་ཚད་བུ་ཕྲུག་གི་ཆེད་དུ་བློས་གཏོང་ཕོད་པའི་ཕ་མའི་བརྩེ་བ་དྲན་པ་དང་ཨ་ན་མ་ན་རེད།

    ལོ་ཟླའི་གོམ་འགྲོས་བྱ་ལྟར་འཕུར་དུས། ཕ་ཡུལ་དང་ཕ་མ་རྒས་འདུག

    སློབ་ཆུང་དུས་སྐབས་བཟུང་། ང་ཚོ་ཡར་སྐྱེལ་མར་བསུས་ཀྱི་བརྒྱུད་རིམ་ཁྲོད་ཕ་མ་རྒས་འདུག ཕ་མའི་དབུ་སྐྲའི་ཁ་དོག་ཀྱང་ལོ་ཟླའི་འགྲོས་དང་བསྟུན་ནས་རིམ་བཞིན་ཁ་བ་ལྟར་དཀར་པོར་གྱུར། དཀར་པོར་གྱུར་བའི་སྐྲ་ལོའི་གསེང་དུ་ཕ་མས་བུ་ཕྲུག་གི་ཆེད་དུ་སྐུ་ལས་གྲངས་མེད་བསྐྱོན་པའི་རྔུལ་ཆུའི་མཚོ་མོ་འཁྱིལ་ཡོད་ལ། བྱམས་བརྩེའི་ཕྱག་ཟུང་དྲོན་མོའི་འོད་སྣང་ཡང་ཁྱིམ་ཚང་གི་གྲུ་ཟུར་རེ་རེར་འཕྲོས་ཡོད་པ་མ་ཟད། བུ་ཕྲུག་རྣམས་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ་རྡོ་ལ་རི་མོ་བརྐོས་པ་ལྟར་གསལ་བཞིན་མཆིས།

    ཕ་ཡུལ་དུ་ཕ་མའི་བརྩེ་བ་ཡོད། བུ་ཕྲུག་གི་ཡོད་ཚད་ལ་དོ་ཁུར་གནང་བཞིན་པའི་བརྩེ་བ་དྲོན་མོ་ཡོད། བརྩེ་བ་འདི་ཡོད་པས་ཕ་ཡུལ་དུ་འོད་ཟེར་གྱི་འཇའ་ཚོན་ཤར། མཛེས་སྡུག་གི་རྨི་ལམ་འཁྲུངས། ལང་ཚོའི་ཁོ་ལག་རྒྱས། ཕ་ཡུལ་གྱི་ཞིང་ཐང་གྲུ་བཞིར་ལོ་ལེགས་ཀྱི་མྱུ་གུ་འབུས། 

    ཕ་ཡུལ་དུ་ཕ་མས་མ་འོངས་པར་སྤྲིངས་པའི་རེ་བ་དང་ཡིད་ཆེས་ཡོད། རེ་བ་དང་ཡིད་ཆེས་དེ་ཁྱིམ་ཚང་གི་ཆ་རྐྱེན་ལ་མ་བལྟོས་པར་བུ་ཕྲུག་ཚོ་ཤེས་རིག་གི་ལྡུམ་རའི་ནང་ཡོན་ཏན་གྱི་འབྲས་བུ་འཐུ་བའི་ཕུགས་ཀྱི་བསམ་པའི་དཔལ་ཡོན་ཡིན།

    ཤིན་ཏུ་འཇལ་དཀའ་བ་ནི་ཕ་མའི་བཀའ་དྲིན་ཡིན་ལ། དེ་བས་འཇལ་དགོས་ངེས་ནི་ཕ་མའི་བཀའ་དྲིན་ཡིན། 

    ཕ་ཡུལ་དང་ཕ་མ། ངའི་སྙིང་ཁོང་དུ་བཞུགས་པའི་མར་མེ་ཚེ་འབར་ཡིན། 

    ཕ་ཡུལ། ཁྱེད་ཀྱི་ས་སྦར་མོ་གང་དང་རྡོ་རྡོ་རྡོག་རེ་རེ་ངའི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ་ཐིམ་ཡོད་ལ། ངའི་བརྩེ་བ་ཡི་རྦ་རླབས་དང་ལྷན་དུ་འདྲེས་ནས་ཡོད།

    ཕ་ཡུལ། སྙིང་ཁོང་གི་འདུན་པ་ཡོད་ཚད་འཁྱེར་ནས་སླར་ཡང་ཁྱེད་ཀྱི་གམ་དུ་ཐེངས་གཅིག་ལོག་འདོད། ཕ་ཡུལ་དུ་ལོག་པ་ནི་བརྩེ་བ་ཞིག་གི་རྒྱུན་བསྲིངས་ཡིན་པས། ངེས་པར་དུ་ཕ་ཡུལ་ལ་ལོག་རྒྱུ་མ་བརྗེད་པ་གནང་རོགས། ཕ་མ། སྙིང་དབུས་ཀྱི་བརྩེ་བ་ཡོད་ཚད་བསྣམས་ནས་ཁྱེད་ཀྱི་གམ་དུ་ལན་གཅིག་བཅར་འདོད། ཕ་མའི་ཞལ་རས་འཇལ་རྒྱུ་ནི་དྲིན་གཟོ་སྟངས་ཤིག་གི་དབུ་འཁྱུད་ཡིན་པས། བྲེལ་འཚུབ་ཀྱི་འཚོ་བའི་ཀློང་དུ་བྱམས་བརྩེའི་ཕྱག་ཟུང་ཕ་མའི་ཕྱོགས་སུ་སྐྱོང་རྒྱུ་མ་བརྗེད་པ་གནང་རོགས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།