[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ཚེ་རིང་སྒྲོལ་ལགས་ཀྱི་སེམས་ནང་གི་ཀྲུང་གོའི་ཕུགས་འདུན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ པ་སངས་ནོར་བུ།    |    སྤེལ་དུས།   2019-08-11


    ཚེ་རིང་སྒྲོལ་ལགས་ནི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་སླེའུ་ཤང་ཤད་མ་སྤུ་ཕྲུག་སྣམ་བུའི་མཉམ་ལས་ཁང་གི་གཉེར་སྐྱོང་དོ་བདག་ཡིན་པ་དང་། འདི་ལོ་ལོ་42ལ་སླེབས་པའི་ཁོ་མོ་ནི་ཤང་དེ་གའི་རྫི་ལུང་གྲོང་ཚོའི་ཁྱིམ་ཚང་ཕལ་པ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་འཚོ་བ་ཧ་ཅང་སྐྱོ་པོ་ཡིན་ནའང་། རང་ཉིད་ཀྱིས་ཤད་མ་སྤུ་ཕྲུག་གི་འཐག་རྩལ་བརྟེན་ནས་མི་ཚེའི་ལམ་བུར་འགྱུར་ལྡོག་གཏོང་རྒྱུའི་ཕུགས་འདུན་ནི་དུས་ནམ་ཡང་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་བརྟན་པོར་ངེས་ཡོད།

    བརྩོན་འགྲུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་ཞེས་པ་ལྟར། ནམ་ཡང་འགྱུར་བ་མེད་པའི་ཕུགས་འདུན་དེ་ལྟ་བུའི་སྐུལ་སློང་འོག ཚེ་རིང་སྒྲོལ་ལགས་ཀྱིས་གཙོས་པའི་ཤད་མ་སྤུ་ཕྲུག་འཐག་རྒྱུར་དགའ་བའི་བུ་མོ་ཁ་ཤས་ཤིག་གིས་སྲོལ་རྒྱུན་ལག་ཤེས་ལ་དགའ་ཞེན་དང་རྒྱུན་འཛིན་བྱ་རྒྱུའི་འདུན་པ་བརྟན་པོར་བཅངས་པར། རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གིས་ཐུགས་རྗེའི་རྒྱབ་སྐྱོར་གནང་བས། སྤྱི་ལོ་2013ལོར་ལྷ་རྩེ་རྫོང་སླེའུ་ཤང་ཤད་མ་སྤུ་ཕྲུག་མཉམ་ལས་ཁང་གསར་དུ་བཙུགས་པ་དང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་བུད་མེད་མང་ཚོགས་ཀྱི་སྣེ་འཁྲིད་དེ་མི་རིགས་ལག་ཤེས་འཕེལ་རྒྱས་དང་རྒྱུན་འཛིན་ལས་ལ་རྩེ་གཅིག་ཏུ་གཞོལ་བས། བྱས་པ་ཆུས་མི་ཟ་བའི་དཔེ་བཞིན་མང་ཚོགས་ལ་ཡོང་འབབ་འཕར་སྣོན་བྱུང་བ་དང་། ཚང་མས་གླེང་བ་ལྟར་བུད་མེད་ཀྱིས་གནམ་ཕྱེད་ཀ་འདེགས་ཐུབ་ཡོད།

    མཉམ་ལས་ཁང་གི་བུ་མོ་ཚོས་འཐག་ཁྲིའི་སྟེང་སྣམ་བུ་འཐག་པའི་སྟངས་སྟབས་དང་དགའ་སྤྲོ་ཆེན་པོས་གདངས་སྙན་པའི་གླུ་ཆུང་ལེན་པའི་རྣམ་པ་ནི་ཡུལ་དེའི་ལྟ་ན་སྡུག་པའི་དམིགས་བསལ་མཛེས་ལྗོངས་ཤིག་ཏུ་གྲུབ་ཅིང་། ་ཁོང་ཚོས་ཧུར་བརྩོན་ཆེན་པོས་མཉམ་ལས་ཁང་གཉེར་ཏེ། གླུ་སྒྲ་དང་། དགོད་སྒྲ འཐག་སྒྲའི་ཁྲོད་དུ་ཕྱུག་འགྱུར་ལམ་བུའི་སྟེང་གི་བཟའ་མ་བུད་མེད་ཚོའི་ཉམས་འགྱུར་མངོན་པར་བྱས།

    ད་ལྟ་མཉམ་ལས་ཁང་ཉིན་རེ་བཞིན་འཕེལ་རྒྱས་བྱུང་ནས་དེ་སྔའི་ཁོངས་མི་11ནས་ད་ལྟའི་ཁོངས་མི་47བར་འཕེལ་རྒྱས་བྱུང་བ་དང་། ཚང་མ་ནི་དབུལ་ཕོངས་ཁྱིམ་ཚང་དང་དབང་པོ་སྐྱོན་ཅན་ཤ་སྟག་ཡིན་པ་མ་ཟད། དེའི་ནང་བུད་མེད་ཀྱིས་98%ཟིན་གྱི་ཡོད། སྤྱི་ལོ་2018ལོར་སྤྱིའི་ཡོང་འབབ་སྒོར་ཁྲི42ཟིན་པ་དང་། མི་རེའི་ལོ་རེའི་ཡོང་འབབ་སྒོར་7000ལས་བརྒལ་ཡོད་།

    མཉམ་ལས་ཁང་གིས་དབུལ་ཕོངས་ཁྱིམ་ཚང་ལ་མི་རིགས་ལག་ཤེས་དང་ལས་ཞུགས་ལས་གནས་མཁོ་འདོན་བྱས་པས། མི་འབོར་དབུལ་པོ་ཚོ་ཕྱུག་འགྱུར་ཡོང་བའི་ལམ་སྣེ་བསྟན་ཐུབ་པ་དང་སེམས་ཤུགས་སྤྲད་ཐུབ་པ་བྱུང་ཡོད་ལ། ད་ཆ་མཉམ་ལས་ཁང་གི་ཁོངས་མི་ཡོངས་རྫོགས་དབུལ་ཞྭ་ཕུད་ཟིན།

    ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མི་བརྗེད་པའི་དཔེ་ལྟར། སླེའུ་ཤང་ཤད་མ་སྤུ་ཕྲུག་མཉམ་ལས་ཁང་གིས་རང་ཉིད་འཕེལ་རྒྱས་ཕྱིན་རྗེས་གུང་ཁྲན་ཏང་དང་སྤྱི་ཚོགས་ཀྱི་དྲིན་ལན་ལ་བསམ་ཤེས་ཀྱིས་ལོ་ལྟར་དབུལ་པོའི་དུད་ཚང་དང་དཀའ་ངལ་ཡོད་པའི་ཏང་ཡོན་ཁྱིམ་ཚང་ལ་འཚམས་འདྲི་བྱེད་པ་དང་རང་གི་བྱ་སྤྱོད་ངོ་མའི་ཐོག་ནས་མི་རྣམས་ལ་ལག་གཉིས་བརྟེན་ནས་བདེ་སྐྱིད་འཚོ་བ་གཏོད་དགོས་པའི་མིག་དཔེ་འདོན་དང་བཏོན་མུས་ཡིན།

    སླེའུ་ཤང་ལྟ་བུའི་ལུང་ཁུག་ཞིང་གྲོང་ཞིག་དུ་མཉམ་ལས་ཁང་ཞིག་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་སྟོབས་འབྱོར་ལྡན་པ་ཞིག་ཏུ་གྱུར་བར། ཚེ་རིང་སྒྲོལ་ལགས་ལ་དཀའ་ངལ་ཚད་མེད་འཕྲད་ཡོད་ཀྱང་། ཁོ་མོས་ཐོག་མཐའ་བར་གསུམ་དུ་རང་གི་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། བློ་རྩ་བརྟན་པོས་རང་ཉིད་ཀྱི་ཕུགས་འདུན་ཆེད་དུ་མུ་འཐུད་མདུན་སྐྱོད་བྱེད་བཞིན་ཡོད་ལ། དབུལ་ཕོངས་ཁྱིམ་ཚང་མི་ཉུང་བ་ཞིག་ཀྱང་མཉམ་ལས་ཁང་དེར་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དང་བསྐྱོད་མུས་ཡིན།

    དེ་ནི་ཚེ་རིང་སྒྲོལ་ལགས་ཀྱི་སེམས་ནང་གི་ཀྲུང་གོའི་ཕུགས་འདུན་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།