[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • སྣང་གསལ་སྒྲོན་མེ་གཙུག་གི་ནོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   སྤེན་ཚེ་གཞོན་པ།    |    སྤེལ་དུས།   2019-09-08

    ནག་ནག་མུན་པས་འཇིག་རྟེན་ཁྱུར་མིད་དུ་བཏང་ནས། །

    མང་མང་སྐྱེ་བོའི་མཐོང་ལམ་སྨག་རུམ་གྱིས་སྒྲིབ་དུས། །

    མཐོ་མཐོ་དབང་ཕྱོགས་རྩེ་ནས་འོད་གོར་གྱི་འཛུམ་ཞལ། །

    ལྷམ་ལྷམ་འཚེར་བའི་སྣང་གསལ་སྒྲོན་མེ་ཁྱེད་དྲིན་ཆེ། །

    དམ་དམ་ལེ་ལོའི་སྒྲོག་གིས་བྱིན་པ་ཀུན་བསྡམས་ནས། །

    ཡངས་ཡངས་ལམ་བུར་མདུན་བསྐྱོད་སྤོབས་པ་ཀུན་གཞོམ་དུས། །

    རྣོ་རྣོ་ཤེས་རབ་རལ་གྲིས་སྡོམ་བྱེད་ཀུན་བཅད་དེ། །

    བརྩོན་བརྩོན་མདུན་དུ་བསྐུལ་བའི་བཤེས་གཉེན་ཁྱེད་དྲིན་ཆེ། །

    མང་མང་ཤེས་བྱས་ཕོངས་པའི་ཐང་སྟོང་གི་བྱིས་པར། །

    ལེགས་ལེགས་ཤེས་རིག་རྒྱགས་ཕྱེས་ལུས་སྟོབས་ཀུན་རྒྱས་ཤིང་། །

    རིང་རིང་ཕུགས་བསམ་ལམ་དུ་གོམ་སྟབས་ནི་བྲེལ་པོས། །

    ཡང་ཡང་བསྐུལ་བར་མཁས་པའི་བཤེས་གཉེན་ཁྱེད་དྲིན་ཆེ། །

    སྐབས་སྐབས་རྩེད་མོས་དུས་འདའ་པྲ་ཚགས་ཀྱི་བྱིས་པར། །

    དམར་དམར་སེམས་ལ་སྐུལ་ལྕག་ལྕག་ཚན་དེ་བྲབས་པས། །

    དལ་དལ་བློ་ཁ་ཤེས་རིག་སྦྱོང་བ་ལ་བསྐུལ་བའི། །

    མཁས་མཁས་བཤེས་གཉེན་ཁྱེད་ཀྱི་བཀའ་དྲིན་ནི་ཆེ་བྱུང་། །

    སྐབས་སྐབས་རྐུ་དང་རྫུན་ལ་ཞུགས་པ་ཡི་བྱིས་པར། །

    བཟང་བཟང་དགེ་སྒྲུབ་སྐྱོན་སྤངས་ལེགས་བཤད་ཀྱི་བདུད་རྩིས། །

    ངན་ངན་གོལ་ལམ་ལྡོག་སྟེ་ལེགས་ལམ་ལ་འཁྲིད་པའི། །

    བཙུན་བཙུན་བཤེས་གཉེན་དམ་པའི་བཀའ་དྲིན་ནི་ཆེ་བྱུང་། །

    སྐབས་སྐབས་ཟས་གོས་ནོར་གྱིས་ཕོངས་པ་ཡི་བྱིས་པར། །

    ལྷུག་ལྷུག་ཕྱག་ཟུང་གཏོང་ཕོད་ཆེན་པོ་ཡི་སྦྱིན་པས། །

    གྲང་གྲང་སེམས་ལ་དྲོ་སྐྱིད་འོད་སྣང་དེ་བསྩལ་བས། །

    བྱམས་བྱམས་བཤེས་གཉེན་ཁྱེད་ཀྱི་བཀའ་དྲིན་ནི་ཆེ་བྱུང་། །

    ཅི་ཞིག་ཐོབ་འདོད་འགྲམ་ཆུ་མི་ལྡང་ཞིང་། །

    མཐོ་སར་སྙེགས་པའི་འདོད་རྔམས་མི་ལྡན་པར། །

    ཐམས་ཅད་སྐྱེས་སུ་འབུལ་བའི་སྙིང་སྟོབས་ཀྱིས། །

    དམན་ས་བཟུང་མཁས་བཤེས་གཉེན་ཀུན་ལ་མཆོད། །

    བབ་ཆགས་གྱོན་པས་ཁྱེད་སྐུ་མཛེས་པར་བརྒྱན། །

    ལེགས་བཤད་གཏམ་གྱིས་ཁྱེད་གསུང་བདུད་རྩིས་ཕྱུག །

    ལྷག་བསམ་དཀར་བས་ཁྱེད་ཐུགས་ངང་རྒྱུད་རིང་། །

    སྒོ་གསུམ་རྣམ་དག་བཤེས་གཉེན་ཀུན་ལ་མཆོད། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།