[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • བཤེས་གཉེན་བསྟོད་གླུ

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ བདུད་རྐ་དར།    |    སྤེལ་དུས།   2019-09-08

    རྣམ་དཀར་གྱི་དགེ་བའི་ལས་ལ་གཞོལ་ཞིང་

    དལ་ལྷོད་ཀྱི་གོ་སྐབས་དབེན།

    ལྷག་བསམ་གྱི་འགན་འཁྲི་པང་ནས་བསྙོར་ཞིང་

    བླང་དོར་གྱི་གནས་ལུགས་བསྟན།

    དགེ་བའི་བཤེས་གཉེན།

    བཤད་ཁྲིད་ཀྱི་སྟེགས་བུའི་དབུས་ན་ལང་ཚོ་འབར་བའི་གར་མཁན་མ།

    དགེ་བའི་བཤེས་གཉེན།

    བླུན་རྨོངས་ཀྱི་མུན་པའི་ཀློང་ན་ལམ་སྟོན་མཛད་པའི་འོད་ལྡན་མ།

    འཁང་ར་དང་ཡི་ཆད།

    ཁྱེད་ཀྱིས་ནམ་ཡང་གནང་མི་སྲིད་ལ།

    ཕྱོགས་ཞེན་དང་ལྷོད་གཡེང་།

    ཁྱེད་ཀྱིས་དེ་བས་གནང་མི་མྱོང་།

    ཁྱེད་ནི།

    ཤེས་རིག་དང་ལྷག་བསམ་གྱི་ཀློང་ན་རྩེན་པའི་ཟླ་བ་དཀར་པོ་དེ་ཡིན།

    དུས་རབས་ཀྱི་མཆོད་སྟེགས་ན་འབར་བའི་མུན་སེལ་གྱི་

    སྒྲོན་མེ་སྣུམ་པོ་དེ་ཡིན།

    ཁྱེད་ཀྱིས་གནང་བའི་ཡོན་ཏན་གྱི་འདབ་མ་རེ་རེ།

    ལྔ་རིག་གི་དྲི་བསུང་འཚོལ་བའི་སློབ་མ་ཚོའི་སྦྲང་རྩི་མངར་མོ་ཡིན།

    ཁྱེད་ཀྱིས་གནང་བའི་མཛུབ་སྟོན་གྱི་འོད་ཐིགས་རེ་རེ།

    ལམ་ནོར་དུ་ཤོར་བའི་བྱིས་པ་ཚོའི་ཕྱོགས་སྟོན་འཁོར་ལོ་ཡིན།

    གནམ་འོག་གི་བྱ་གཞག་ཁྲོད་ན།

    ཁྱེད་ཀྱི་མཛད་འཕྲིན་ལས་རླབས་ཆེ་བ་མེད་ཅིང་།

    དཀའ་སྡུག་གི་ལོ་ཟླའི་ཁྲོད་ན།

    ཁྱེད་ཀྱི་ཐུགས་བྲེལ་ལས་འཚབ་པ་ཞིག་གང་ན་ཡོད།

    ཁྱེད་ཀྱི་མཛད་འཕྲིན།

    གོ་ལ་ཟླུམ་པོའི་དབུ་རྩེ་ན་འོད་ཞགས་འཁྱིལ་ཞིང་།

    ཁྱེད་ཀྱི་བྱ་གཞག

    སྲིད་པ་འཁོར་བའི་ཕང་བ་ན་གཟི་སྦྱིན་འབར།

    དགེ་བའི་བཤེས་གཉེན།

    ཁྱེད་ཀྱིས་བྱིས་པ་ཚོར་གནང་བའི་གདམས་ངག་ཟབ་མོ།

    ཁྱེད་ཀྱིས་འཇིག་རྟེན་འདིར་གནང་བའི་སྔོ་ལྗང་གི་ན་བཟའ།

    ལྗང་མདོག་གི་བདེ་བ་ལོངས་སུ་སྤྱོད་ཀྱིན་པ་ཚོས།

    ཁྱེད་ཀྱི་ཡོད་ཚད།

    བརྗེད་ག་ལ་སྲིད།

    ཁྱེད་ཀྱིས་རྡུལ་དཀར་པོ་ཟས་སུ་བྱས་ཏེ།

    བླུན་རྨོངས་ཀྱི་བྱིས་པ་ཁྲི་སྟོང་མང་པོར་ཤེས་རབ་ཀྱི་ལམ་སྟོན་མཛད།

    ཁྱེད་ཀྱིས་དཀའ་སྡུག་གི་ཁུར་པོ་དཔུང་པས་བཏེགས་ནས། 

    ཡིད་འོང་གི་མཛེས་སྡུག་ཡོད་ཚད།

    བུ་ཕྲུག་གི་དོན་དུ་བསྐྲུན།

    ཁྱེད་ནི།

    དགུང་སྔོན་གྱི་ཁྲི་གདུགས་ཉི་མ་བཞིན།

    དྲོ་སྐྱིད་ཀྱི་འོད་ཟེར་གླེན་རྨོངས་ཀྱི་བུ་ཕྲུག་ཚོར་གནང་།

    ཁྱེད་ནི།

    དྲི་མེད་ཀྱི་ཁ་བཏགས་དཀར་པོ་བཞིན།

    ལྷག་བསམ་གྱི་སྨོན་འདུན་བཟང་པོ་གཅེས་ཕྲུག་ཚོའི་མགུལ་ལ་བསྒྲོན།

    དེས་ན།

    ཁྱེད་ཀྱིས་རླབས་ཆེ་བའི་འོས་འགན་དང་ལྷག་བསམ་གྱི་

    བསམ་སྤྱོད་སྤུས་མ།

    ལས་དབང་གི་རླུང་པོ་དང་བསྡོངས་ནས་འཕུར་ཤོག

    ཁྱེད་ཀྱིས་བྱམས་བརྩེའི་ཐུགས་སེམས་དང་བརྩེ་བ་མ་ལུས།

    མཛེས་སྡུག་གི་འཇའ་ཚོན་ལ་བཅོལ་ནས་འཕུར་ཤོག

    དགེ་བའི་བཤེས་གཉེན་ཡ།

    ངའི་མུན་སེལ་གྱི་ལམ་སྟོན་སྒྲོན་མེ།

    ངའི་ལྷད་མེད་ཀྱི་མི་ཚེའི་དེད་དཔོན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།