[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • གྲིབ་གཟུགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསོད་ནམས།    |    སྤེལ་དུས།   2019-10-06

    ད་ནས་བརྩིས་པའི་ལོ་ཉི་ཤུ་རྩ་ལྔའི་གོང་གི་དགུན་དུས་ཀྱི་ས་སྲོད་ཅིག་ལ། བདག་གི་སྙིང་ནས་གཅེས་པའི་བུ་མོར་གློ་ཚད་རྒྱས་ཏེ་དབུགས་ཀྱི་ཧལ་སྒྲ་དང་གློ་རྒྱག་པ་གཉིས་འགྲན་པ་བཞིན་སྣང་བས། ངེད་ཕ་མ་གཉིས་གནས་བཟོད་མ་བདེ་བར་མགྱོགས་མྱུར་སྨན་ཁང་དུ་ཁྲིད་རྩིས་ཀྱིས་ཁྱིམ་ནས་དོན་ཏེ། སྣུམ་ནག་གཞུང་ལམ་གྱི་ཁར་བདལ་གཏོང་འཇིབ་ཆུང་སྒུག་ནས་བསྡད། སྐབས་དེར་འཇིབ་ཆུང་ཞིག་དེ་གར་སླེབས་མ་ཐག་ལམ་ཟུར་དུ་ལངས་བསྡད་པའི་ངེད་གསུམ་མཐོང་སྟེ་ཙོག་གེར་ཁ་བཀག

    འཇིབ་ཆུང་ཁ་ལོ་བས་ཝ་ཡེ། ཁྱོད་ཚོ་གང་དུ་ཕེབས་སམ་ཞེས་དྲིས། བདག་གིས་པང་ཁར་ཉར་བའི་བུ་མོའི་མགོ་བོར་བྱིལ་བྱིལ་བྱེད་ཀྱིན། ཕྲུ་གུར་ཚ་བ་རྒྱས་འདུག་པས་སྨན་ཁང་དུ་སྐྱེལ་རོགས་གནང་ཞེས་བཤད། འཇིབ་ཆུང་དེས་བྱ་འཕུར་བ་ལྟར་ང་ཚོ་སྨན་ཁང་དུ་བསྐྱལ་ཟིན་རྗེས། ངས་ཨམ་ཕྲག་ནས་དངུལ་སིལ་མ་བཙལ་ཡང་སྒོར་གཅིག་ཀྱང་མི་འདུག་པས། འཕྲལ་དུ་བརྒྱ་ལོར་ཞིག་སྤྲད། ཁ་ལོ་བ་ལགས། དངུལ་སིལ་མ་མི་འདུག་པས་འདི་ནས་བཞེས་རོགས་ཞེས་བཤད་པས། ཁ་ལོ་བ་དེས། སིལ་མ་མི་འདུག་ན་གཡུགས་ཞོག སྔོན་ལ་བུ་མོ་སྨན་ཁང་ལ་ཁྲིད་ཕེབས་ཞེས་ཟེར། དེ་ནས་བདག་གིས་འཇིབ་ཆུང་ལས་བབས་ཏེ། ཕྲུ་གུ་པང་ཁར་བཏབ་ནས་སྐྱོད་པའི་ཚེ། ངའི་རྐང་པ་གཡས་པ་ཐང་པོ་རང་མེད་པར་ཐང་འཐེང་བྱེད་པའི་ཚུལ་དེ་ཁ་ལོ་བ་དེས་མཐོང་འཕྲལ། ངའི་མདུན་དུ་རྒྱུགས་འོང་། པཱ་ལགས། ཕྲུ་གུ་ངས་འཁྱེར་ཆོག་ཅེས་ངའི་པང་ཁ་ནས་ཕྲུ་གུ་བླངས་ཏེ། ཤར་རེར་སྨན་ཁང་གི་དོས་དྲག་ཁང་དུ་སོང་།

    དེ་གར་སླེབས་རྗེས་བདག་གིས་སླར་ཡང་ད་གིན་ཚུར་སློག་པའི་བདལ་གླ་བརྒྱ་ལོར་དེ་ཁ་ལོ་བ་དེར་སྤྲད་དེ། ཁ་ལོ་བ་ལགས། འདི་ལ་སློག་སློག་གནང་མི་དགོས། དངུལ་ལྷག་མ་དེ་དག་ལ་ཁྱེད་རང་སང་ཉིན་གསོལ་ཇ་མཆོད་གནང་རོགས། མ་གཞི་ནས་ཁ་ལོ་བ་ལགས། ཁྱེད་ཀྱི་མཚན་ལ་ག་རེ་ཞུ་ཡི་ཡོད་དམ་ཞེས་བཤད།

    ཁ་ལོ་བ་དེས། བརྒྱ་ལོར་བརྐྱངས་བསྡད་པའི་ངའི་ལག་པ་ཚུར་འབུད་ཅིང་། པཱ་ལགས། དེ་འདྲ་དགོས་དོགས་མེད། ཐམས་ཅད་དངུལ་ལ་བསམ་བློ་བཏང་ན་ག་ནས་འགྲིག འགག་རྩའི་དུས་ལ་ངས་འདི་ལྟར་བྱེད་འོས་པ་ཞིག་རེད་ཅེས་ཟེར། ཁ་ལོ་བའི་སྐད་ཆ་ཐོས་སྐབས། ངས་སླར་ཡང་ཁྱེད་ཀྱི་མཚན་ལ་ཅི་ཟེར་ཞེས་དྲིས་ཙ་ན། ཁོང་གིས། ངའི་མིང་སུ་ལའང་ཤོད་ཀྱི་མེད་ཅེས་ཡ་མཚན་ཆེ་བའི་ལན་ཞིག་བཏབ་སྟེ། བྲོས་པ་ལྟར་ང་ཚོ་དང་ཁ་བྲལ་སོང་། བདག་གིས་སྣང་ཚུལ་དེ་དག་མཐོང་དུས་སེམས་ནང་གཡོ་འགུལ་ཆེན་པོ་ཐེབས།

    ད་ཆ་བདག་གི་བུ་མོ་རང་ལོ་ཉེར་ལྔར་སླེབས་ནས་དམན་ཤར་ཞིག་ཆགས་ཟིན་པས། ངས་རྟག་པར་ཁོ་མོར་ཆུང་དུས་སྨན་ཁང་ལ་ཐེངས་གཅིག་བསྐྱོད་སྐབས། ཁ་ལོ་བ་དེ་འདྲ་ཞིག་འཕྲད་པའི་སྐོར་ཡང་ཡང་ཤོད་དགོས་ཀྱི་འདུག་ལ། དེ་དུས་ཀྱི་ཕོ་གཞོན་སེམས་བཟང་བ་དེའི་གྲིབ་གཟུགས་ཁོ་བོའི་མིག་ལ་ཡང་ཡང་འཆར་ཡོང་གི་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།