[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • སྐྱུར་དད་ཆེ་ན་ཆག་སྒོ་མང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   སྤེན་ཚེ་གཞོན་པ།    |    སྤེལ་དུས།   2019-11-10

    ཏང་གི་སྲིད་བཟང་ཉིན་བྱེད་དཀྱིལ་འཁོར་ལས།།

    དམངས་ཀྱི་ཡིད་ངོར་ཚ་དྲོད་རབ་ཏུ་རྒྱས།།

    འཚོ་བའི་དཔལ་འབྱོར་དབྱར་གྱི་ཆུ་གཏེར་བརྡོལ།།

    འབྱོར་འབྲིང་ལམ་དུ་བགྲོད་པའི་གོམ་སྟབས་བྲེལ།།

    འོན་ཀྱང་ཡ་རབས་སྲོལ་བཟང་མི་སྲུང་ཞིང་།།

    དེང་གི་ལུགས་བཟང་རྗེས་སུ་མི་འཛིན་པའི།།

    སྐྱུར་དད་ཆེ་བའི་ཨོ་ལོ་ཁག་གཅིག་གིས།།

    སྨྱོ་ཆུ་བཏུངས་ནས་ཆག་སྒོ་ཉོས་ལ་ལྟོས།།

    གཟིགས་དང་ཕ་གིའི་ལམ་གྱི་བཞི་མདོ་ན།།

    རླངས་འཁོར་ལས་འཛོལ་རྐྱེན་ངན་ལྷག་ནས་འདུག །

    ཆང་རག་ཚོད་མེད་བཏུངས་པའི་རྐྱེན་དེ་ཡིས།།

    མི་ཤི་ཁྱིམ་སྟོང་ཆག་སྒོ་མགོ་ལ་ལྷུངས།།

    ལྟོས་དང་བཀྲ་ཤིས་ཆང་ཁང་ནང་ལོགས་སུ།།

    ཁྱོ་ཤུག་གཉིས་པོ་ཕན་ཚུན་འཁྲུགས་ནས་འདུག།

    ཆང་རག་ཚོད་མེད་བཏུངས་པའི་རྐྱེན་དེ་ཡིས།།

    ཁྱོ་བོས་ཟུར་མ་བཙལ་བས་སྔོ་ལོ་འཕྱར།།

    ཁྱིམ་མཚེས་ཚང་གི་སྒེའུ་ཁུང་ཕྱོགས་མཚམས་ནས།།

    མི་སྙན་ངུ་སྐད་ལྷང་ལྷང་གྲགས་ཡོང་བས།།

    ཆང་རག་ཚོད་མེད་བཏུངས་པའི་རྐྱེན་དེ་ཡིས།།

    དུས་མིན་འཆི་བའི་བར་ཆད་རིན་གྱིས་ཉོས།།

    ལང་ཤོར་ཆང་པའི་རྟ་ཁར་སྲབ་མེད་པས།།

    ཆང་ཁང་མགོ་ལ་གྱོན་ནས་ཉིན་མཚན་སྐྱེལ།།

    ཆང་རག་ཚོད་མེད་བཏུངས་པའི་རྐྱེན་དེ་ཡིས།།

    ཚེ་གང་བསགས་པ་དགོང་མོ་གཅིག་ལ་བསྐྱལ།།

    ཤ་རུས་འདྲེས་པའི་ཕུ་ནུ་མིང་སྲིང་ཚོགས།།

    མི་ཚེའི་འཕྲང་ལམ་བདེ་བར་བརྒལ་ཟིན་མོད།།

    ཆང་རག་ཚོད་མེད་བཏུངས་པའི་རྐྱེན་དེ་ཡིས།།

    སྤུན་མཆེད་ཕན་ཚུན་གཏན་གྱི་དགྲ་ལ་གྱུར།།

    སློབ་ཆེན་འགྲིམས་པའི་གཞོན་ནུ་ཤེས་ཡོན་ཅན།།

    སྐྱུར་དྲི་འཐུལ་བའི་ནང་མ་ཁང་དུ་སླེབས།།

    ཆང་རག་ཚོད་མེད་བཏུངས་པའི་རྐྱེན་དེ་ཡིས།།

    གཞོན་ནུའི་ལང་ཚོ་དོན་མེད་ངང་ལ་ཟད།།

    གསོལ་སྟོན་ཆེན་པོའི་གཡུལ་གྱི་དོ་ར་རུ།།

    ཆང་ཕོར་བཀྱཌ་ནས་ཕན་ཚུན་དཔའ་རྩལ་ངོམས།།

    ཆང་རག་ཚོད་མེད་བཏུངས་པའི་རྐྱེན་དེ་ཡིས།།

    སྟོན་མོ་སྐྱིད་པོ་ཁ་མཆུའི་གཞི་ལ་གྱུར།།

    ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན།།

    རྩྭ་མགོའི་ཟིལ་པ་ཙམ་ཡང་སྤོང་དགོས་ཞེས།།

    སྔོན་བྱོན་དམ་པས་གསུངས་པའི་ཞལ་གདམས་དེར།།

    བསྐྱར་དུ་གོ་བ་བླངས་ནས་སྡོད་ཚུགས་བྱོས།།

    སྐྱུར་དད་ཆེ་ན་མི་ཤི་ཁྱིམ་སྟོང་ཆགས།།

    སྐྱུར་དད་ཆེ་ན་ཕན་ཚུན་འཁོན་འགྲས་ཆེ།།

    སྐྱུར་དད་ཆེ་ན་སྔོ་ལོ་ལངས་ནས་འཕྱར།།

    སྐྱུར་དད་ཆེ་ན་འབྱུང་གཞིའི་ལུས་ཁམས་ཉམས།།

    ང་དང་བཅས་པའི་སྐྱུར་དད་ཅན་པོ་ཚོས།།

    ད་ནས་བཟུང་སྟེ་དུག་ཆུ་ལེགས་བསྐྱུར་ནས།།

    རྒྱ་ཇ་བོད་ཇའི་ཞིམ་མངར་རོ་བཅུད་ལ།།

    ལོངས་སུ་སྤྱོད་པའི་དམ་བཅའ་སྙིང་ལ་ཞོགས།།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།