[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • 《ཆུ་ངོགས་གཏམ་རྒྱུད》བོད་འགྱུར་མ་ལས་འཕྲོས་པའི་དཔེ་ཆོས་ལོ་ཙཱའི་བླང་བྱ་འགའ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཚེ་བཟང་སྐྱིད།    |    སྤེལ་དུས།   2019-11-10

    གཅིག དཔེ་ཆོས་ཀྱི་ཉམས་ཐོན་པ་གཙོ་བོར་འཛིན་པ།

    དཔེ་ཆོས་ནི་ཚེག་བར་ཉུང་ཞིང་དོན་བསྡུས་ལ། ཚིག་གི་སྦྱོར་བ་བརྗིད་ཅིང་གཏན་ཆགས་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྐད་ཆའི་རྣམ་པ་ཞིག་ཡིན་པའི་ཆ་ནས། དེ་སྐད་རིགས་ཤིག་ནས་སྐད་རིགས་གཞན་ཞིག་ཏུ་ཕབ་སྒྱུར་དུས་ཕྱིའི་སྒྲིག་གཞི་དང་ནང་གི་བརྗོད་དོན་གཉིས་ཀ་ཇི་བཞིན་མཚོན་གང་ཐུབ་བྱ་རྒྱུ་ནི་དཔེ་ཆོས་ལོ་ཙཱའི་ཆེས་མཐོའི་བླང་བྱའམ་དམིགས་ཚད་ལྟ་བུར་གྲུབ་ཡོད་དེ། དེ་ཡང་དགེ་རྒན་ཆེ་མོ་དཔའ་རིས་སངས་རྒྱས་ལགས་ཀྱི་གསུང་སྟེ། “ལོ་ཙཱ་ལས་བསྒྱུར་དཀའ་བ་ནི་དཔེ་ཆོས་ཡིན། དཀའ་ས་ནང་དོན་མིན་གྱི་རྣམ་པ་ཡིན། དཔེ་ཆོས་དཔེ་ཆོས་སུ་མ་བསྒྱུར་ན། ཚིག་ཉམས་དང་དོན་ཉམས་གཉིས་ཀ་ཤོར་འགྲོ”ཞེས་པ་ཇི་བཞིན་དཔེ་ཆོས་དཔེ་ཆོས་སུ་བསྒྱུར་ཐུབ་རྒྱུ་དེ་ནི་དཔེ་ཆོས་ལོ་ཙཱའི་གནད་འགག་ཅིག་ཡིན་ཏེ། དཔེ་ཆོས་དཔེ་ཆོས་སུ་བསྒྱུར་དགོས་ན་ཐོག་མར་བརྗོད་དོན་ཐད་ནས་མ་ཡིག་གི་དཔེ་ཆོས་ཀྱི་ནང་དོན་དང་མི་འགལ་བ་བྱ་རྒྱུ་དང་གཅིག ཕྱིའི་རྣམ་པའམ་སྒྲིག་གཞིའི་ཐད་ནས་དཔེ་ཆོས་ཀྱི་ཁྱད་ཆོས་མི་ཤོར་བ་བྱ་རྒྱུ་དང་གཉིས་སྟེ། ཆ་རྐྱེན་འདི་གཉིས་ཡོངས་སུ་འཛོམས་པ་ཞིག་ཏུ་ཕབ་བསྒྱུར་བྱ་ཐུབ་ན་ནི་ད་གཟོད་དཔེ་ཆོས་དཔེ་ཆོས་སུ་བསྒྱུར་བ་ཞེས་པ་ཡིན་པར་སྙམ། དེ་ཡང་འགྱུར་མ་འདིར་ཐབས་དེ་ཇི་ལྟར་ལེགས་པར་སྤྱད་ཡོད་ཅེ་ན། གཏམ་རྒྱུད་ཀྱི་མ་ཡིག་ལས། (众头领同心协力,八百里梁山泊如此雄壮,中间宛子城、蓼儿洼、四下里都是茫茫烟水,更有许多兵马,何愁官兵来到)ཞེས་པ་འགྱུར་ཡིག་ཏུ། (འགོ་འཛིན་བྱིངས་རྣམས་ཀྱིས་ཀྱང་ཕན་ཚུན་ཕྱར་བ་གྲུ་འདེགས་བྱེད་པ་དང་། རྒྱ་ཁྱོན་ལེ་དབར་བརྒྱད་བརྒྱ་ཡོད་པའི་ལེང་ཧྲན་མཚོ་གླིང་དེའི་དཀྱིལ་ལ་ཕོར་དབྱིབས་མཁར་གྲོང་དང་ཆུ་རྩྭའི་གླིང་ཡོད་ཅིང་། ཕྱོགས་བཞིར་སྔོ་ཐིང་ངེར་ལྡིང་བའི་ཆུ་ཡིས་བསྐོར་བ་དེ་ནི་དེ་ལྟའི་བརྗིད་ཆགས་ཉམས་དགའ་བ་ཞིག་ཡོད་པ་མ་ཟད། ད་དུང་དཔུང་ཚོགས་དྲག་ཤུགས་ཆེ་བས་གཞུང་དམག་ཡོང་བར་སྐྲག་དོན་མེད་ལུགས་སོགས་ཡིད་འགུགས་གཏམ་གྱི་འཆིལ་པ་དལ་གྱིས་འཕངས)ཞེས་པ་ལས། མ་ཡིག་གི་དཔེ་ཆོས同心协力ཞེས་པ་བོད་རང་གི་དཔེ་ཆོས་ཕྱར་བ་གྲུ་འདེགས་ཀྱིས་མཚོན་པར་བྱས་ཡོད་ལ། ཕྱིའི་རྣམ་པ་དང་ནང་གི་བརྗོད་དོན་གང་ཡིན་ཡང་མ་ཡིག་དང་གཅིག་མཐུན་བྱུང་ཡོད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན同心协力ལྟ་བུའི་དཔེ་ཆོས་ལ་ཚིག་ངོས་ཀྱི་དོན་དེ་ལས་ཤུགས་བསྟན་གྱི་དོན་ནམ་དམིགས་བསལ་གྱི་རིག་གནས་ཆ་འཕྲིན་ཞིག་མཚོན་རྒྱུ་མེད་པས། མ་ཡིག་གི་དོན་དེ་ཇི་བཞིན་མཚོན་ཐུབ་པའི་ཆ་རྐྱེན་འོག་ཏུ་ཕྱིའི་ཉམས་དེ་འགྱུར་ཡིག་ཏུ་ཐོན་རྒྱུ་གཙོ་བོར་འཛིན་དགོས་སྙམ། དེ་བས་འགྱུར་ཡིག་ཏུ་བོད་རང་གི་དཔེ་ཆོས་སྤྱད་ནས་མཚོན་པར་བྱས་པ་ནི་བརྗོད་དོན་དང་རྣམ་པ་གང་གི་ཐད་ནས་ཀྱང་མ་ཡིག་དང་གཅིག་མཐུན་བྱུང་ཡོད་ལ། དཔེ་ཆོས་དཔེ་ཆོས་སུ་བསྒྱུར་བའི་ཚད་གཞི་འདི་དང་ཡང་མཐུན་པོ་བྱུང་ཡོད།

    གཉིས། བརྡ་དོན་གྱི་འགྱུར་བ་ཁོང་དུ་ཆུད་དགོས།

    དེ་ཡང་དཔེ་ཆོས་ལ་ཐུན་མིན་ཁྱད་ཆོས་ཤིག་ཡོད་པ་ནི་ནང་དོན་དང་རྣམ་པའི་ཐད་ནས་གཏན་འཇགས་རང་བཞིན་ངེས་ཅན་ལྡན་པ་དེ་ཡིན་མོད། འོན་ཏེ“དཔེ་ཆོས་བྱུང་འཕེལ་གྱི་དུས་ཡུན་རིང་བོའི་ཁྲོད་དུ་ཕྱིའི་སྒྲིག་གཞི་དང་ནང་གི་བརྗོད་དོན་ཡང་རྟག་བརྟན་ཐེར་ཟུག་ཅིག་མ་ཡིན་པར་འགྱུར་ལྡོག་ངེས་ཅན་བྱུང་དང་འབྱུང་བཞིན་མཆིས”ཞེས་པ་ལྟར་དཔེ་ཆོས་འགའ་ཤས་ཤིག་གི་ནང་དོན་ལ་རིམ་བཞིན་འགྱུར་ལྡོག་རབ་དང་རིམ་པ་བྱུང་ཡོད་པས། ལོ་ཙཱ་བས་ངེས་པར་དུ་དཔེ་ཆོས་དེའི་རིགས་ཀྱི་བརྡ་དོན་གྱི་འགྱུར་བ་ཁོང་དུ་ཆུད་པར་བྱས་ཏེ་སྐབས་བབ་ཀྱི་བརྗོད་བྱ་དང་བསྟུན་ནས་བསྒྱུར་དགོས་པ་ལས། དེང་གི་གོ་བ་ལེན་སྟངས་ལྟར་དུ་བསྒྱུར་ན་མ་ཡིག་གི་བརྗོད་དོན་དང་འགལ་སྲིད། སྐབས་འདིར་ལོ་ཙཱ་བ་ཚོས་དཔེ་ཆོས་འདིའི་རིགས་ཀྱི་འགྱུར་བ་ཁོང་དུ་ཆུད་ནས་འགྱུར་ཡིག་ཏུ་འོས་འཚམ་གྱིས་མཚོན་ཡོད་པ་དཔེར་ན། གཏམ་རྒྱུད་ཀྱི་ལེའུ་ཉེར་བཞི་པར། (武松替武大挑了胆儿,武大引着武松,转弯抹角,一径望紫石街来)ཞེས་པ་འགྱུར་ཡིག་ཏུ། (དེ་ནས་ཝུ་སུང་གིས་གཅེན་པོའི་ཕྲག་རྒྱུག་གི་རྒྱབ་ཆ་ཁུར་བ་དང་། ཝུ་ཚང་གི་བུ་རྒན་པས་ལམ་སྣེ་དྲངས་ནས་ཁྲོམ་ལམ་ཁ་ཤས་བསྐོར་ཏེ་ཙི་ཧྲི་ཁྲོམ་ལམ་ཕྱོགས་སུ་སོང)ཞེས་པ་ལྟ་བུའི་བརྡ་དོན་འགྱུར་བའི་དཔེ་ཆོས་རིགས་ཕྱོགས་གཅིག་ཏུ་བསྡུས་ན། 金枝玉叶ཞེས་པའི་བརྡའི་གཞི་དོན་ནི་རྒྱལ་པོའི་གདུང་རྒྱུད་བཀྲུས་ཀྱིས་མི་དག་པ་ཟེར་བའི་དོན་དང་། བརྡའི་སྐབས་དོན་ནི་གོ་གནས་མཐོ་བ་ལ་གོ 根深蒂固ཞེས་པའི་བརྡའི་གཞི་དོན་ནི་བརླག་པར་དཀའ་ཞེས་པ་དང་། བརྡའི་སྐབས་དོན་ནི་རྩ་བ་བརྟན་ཞིང་གཡོ་བ་མེད་པར་གོ 焦头烂额ཞེས་པའི་བརྡའི་གཞི་དོན་ནི་མེས་འཚིགས་པའི་དོན་དང་། བརྡའི་སྐབས་དོན་ནི་ལས་ཀ་མང་བས་ཁོམ་དུས་བྲལ་བར་གོ།

    གོང་གསལ་ལས་ཤེས་ཐུབ་པར། དཔེ་ཆོས་འགའ་ཤས་ཤིག་གི་བརྗོད་དོན་ནི་དུས་དང་རྣམ་པ་ཀུན་ཏུ་འགྱུར་བ་གཏན་ནས་མེད་པ་ཞིག་མ་ཡིན་པར་དུས་ཡུན་གྱི་ཆུ་རྒྱུན་རིང་མོའི་ཁྲོད་ནས་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད་དེ། དེ་ཡང་གོང་གི་དཔེར་བརྗོད་ལས། 转弯抹角ཞེས་པ་སྐབས་དེར་མཚོན་ན་ལམ་བུ་བསྐོར་ནས་འགྲོ་བ་ལས་ཤུགས་བསྟན་གྱི་དོན་མེད་ལ། དེང་སྐབས་སྐད་ཆ་སོགས་བསྐོར་ནས་བཤད་པ་ལ་འཇུག་པ་མང་བར་སྣང་། ཡང་གོང་གི་རེའུ་མིག་ལས། 焦头烂额ཞེས་པ་ཡང་སྐབས་དེར་མཚོན་ན་ཚིག་ངོས་ཀྱི་དོན་ཏེ། མགོ་བོ་འཚིགས་ཤིང་དཔྲལ་བ་བསྲེགས་པའི་དོན་རྐྱང་རྐྱང་ལ་འཇུག་མོད། ད་ལྟ་ཚང་མས་ལས་ཀ་མང་ཤིང་བྲེལ་བ་ཆེ་བས་ཁོམ་པའི་དུས་དང་བྲལ་བའི་དོན་ལའང་གོ་བཞིན་ཡོད། དེ་ཡང་མིའི་རིགས་ཀྱི་སྐད་རིགས་ནི་སྤྱི་ཚོགས་འཕེལ་རིམ་དང་བསྟུན་ནས་འགྱུར་ལྡོག་རབ་དང་རིམ་པ་འབྱུང་ངེས་ལ། དེ་ནི་སྐད་ཆའི་བྱུང་འཕེལ་གྱི་གོ་རིམ་ཁྲོད་ཀྱི་ཆོས་ཉིད་ཅིག་ཏུ་བསམ་ཆོག སྐད་བརྡ་རིག་པའི་སྤྱི་བཤད་ལས། “ལོ་རྒྱུས་གོང་དུ་འཕེལ་བའི་གོ་རིམ་གྱི་ནང་དུ་སྐད་རིགས་སོ་སོར་མིང་གི་ཡིག་གཟུགས་འགྱུར་མེད་པར། གོ་དོན་འགྱུར་བའི་སྣང་ཚུལ་བྱུང་ཡོད”ཅེས་པ་ལྟར་དཔེ་ཆོས་ཀྱང་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་སྐད་ཆའི་རྣམ་པ་ཞིག་ཡིན་པའི་ཆ་ནས་དེའི་བརྡ་དོན་ལ་འགྱུར་ལྡོག་བྱུང་བ་ནི་ཧ་ལས་དགོས་པའི་གནས་ཤིག་མ་ཡིན་པར། སྐད་རིགས་འཕེལ་རྒྱས་འགྲོ་བའི་གོ་རིམ་ཁྲོད་ཀྱི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་ཞིང་། འགྱུར་བ་དེ་ཉིད་ཁོང་དུ་ཆུད་ནས་སྐབས་བབ་ཀྱི་བསྟན་དོན་མ་ནོར་བར་འགྱུར་ཡིག་ཏུ་མཚོན་པར་བྱ་རྒྱུ་ནི་དཔེ་ཆོས་ལོ་ཙཱའི་གནས་ལ་ཡང་དག་པར་འཇུག་པའི་གནད་འགག་ཡིན།

    གསུམ། རིག་གནས་ཀྱི་ཆ་འཕྲིན་སོར་འཇོག་བྱེད་པ།

    དེ་ཡང་དཔེ་ཆོས་ནི་སྤྱིར་བཏང་གི་མིང་གི་ཚོགས་པ་དང་ཚིག་སྡུད་རང་ག་བ་ཞིག་མ་ཡིན་པར་དེར་སྣ་མང་ཕུན་སུམ་ཚོགས་པའི་ནང་དོན་འདུས་ཡོད་པ་སྟེ། མི་རིགས་ཤིག་གི་ལོ་རྒྱུས། ལྷ་སྒྲུང་། ངག་རྒྱུན། ཆོས་ལུགས་དད་མོས་སོགས་གང་ཡིན་ཡང་དཔེ་ཆོས་ལས་གསལ་བོར་མངོན་ཐུབ་པས་དེ་ནི་མི་རིཌ་ཤིག་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས། འདུ་ཤེས་འཛིན་སྟངས། མི་ཆོས་ཀུན་སྤྱོད་སོགས་གསལ་བར་འཆར་བའི་མེ་ལོང་ལྟ་བུ་ཡིན། དེ་བས་ལོ་ཙཱ་བ་ཞིག་ཡིན་ཕྱིན་ངེས་པར་དུ་དཔེ་ཆོས་འདི་དག་གི་ལོ་རྒྱུས་རྒྱབ་ལྗོངས་དང་དེ་དང་འབྲེལ་བའི་གཏམ་རྒྱུད་ལ་རྒྱུས་ལོན་དང་ནང་བྱན་ཆུད་པའི་རྨང་གཞིའི་ཐོག་གང་ལ་གང་འཚམ་དང་། གང་འོས་གང་རུང་གི་བསྒྱུར་ཐབས་སྤྱད་ནས་འགྱུར་ཡིག་ཏུ་མཚོན་པར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། འོ་ན་ནམ་རྒྱུན་ང་ཚོས་དཔེ་ཆོས་འདིའི་རིགས་ཕབ་བསྒྱུར་བྱ་དུས་སུ་གདམ་དུ་རུང་བའི་སྒྱུར་སྟངས་མི་འདྲ་བ་རིགས་གཉིས་ཡོད་པ་ལས་རིགས་གཅིག་ནི་མ་ཡིག་གི་སྣང་བརྙན་དང་ཆ་འཕྲིན་ཡོད་ཚད་སོར་བཞག་བྱེད་པའི་མ་ཡིག་ལ་བསྟུན་རྒྱུ་དེ་དང་། རིགས་ཅིག་ཤོས་དེ་ནི་མ་ཡིག་གི་སྣང་བརྙན་གཞན་དུ་བསྒྱུར་ནས་ཀློག་པ་པོ་ལ་བསྟུན་པའི་ཐབས་ཤེས་གཉིས་ཡིན། ཆུ་ངོགས་གཏམ་རྒྱུད་བོད་འགྱུར་མར་མཚོན་ན་སྒྱུར་སྟངས་ཐད་ནས་བཤད་ན་གཙོ་བོ་ཐད་སྒྱུར་ལ་གཞོལ་ཆེ་བས། མ་ཡིག་གི་དཔེ་ཆོས་གང་མང་ཞིག་གི་སྣང་བརྙན་སོར་བཞག་བྱ་ཅི་ཐུབ་བྱས་ཡོད་དེ། དེ་ཡང་གཏམ་རྒྱུད་ཀྱི་ལེའུ་དྲུག་ཅུ་རེ་བཞི་པ་ལས།(倘用围魏救赵之计,且不来解此处之危,反去取我梁山大寨,如之奈何!兄长不可不虑)ཞེས་པ་འགྱུར་ཡིག་ཏུ། (གལ་ཏེ་ཁོ་ཚོས་ཝི་བསྐོར་ཀྲའོ་སྐྱོབ་ཀྱི་ཐབས་ཇུས་སྤྱད་ནས་འདི་གའི་ཉེན་ཁ་ལས་གྲོལ་ཐབས་མ་བྱས་པར་རང་རེའི་ལེང་ཧྲན་མཁར་རྫོང་ཆེན་པོར་དཔུང་འཇུག་བྱེད་དུ་སོང་ན་ཅི་དྲག དེར་ཨ་ཇོ་ཁྱེད་ཀྱིས་དགོངས་བཞེས་མ་གནང་ན་མི་འགྲིག)ཞེས་པ་ལས། དཔེ་ཆོས围魏救赵ཞེས་པ་ནི་རྒྱ་ནག་གི་གནའ་རབས་ཀྱི་ལོ་རྒྱུས་གཏམ་རྒྱུད་ཉིང་བསྡུས་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། ཚིག་ངོས་ཙམ་ལས་དེ་དང་འབྲེལ་བའི་ལོ་རྒྱུས་གཏམ་རྒྱུད་རྟོགས་མི་ཐུབ་ལ་དོན་ཡང་གོ་མི་ཐུབ། རྒྱ་ནག་གི་ལོ་རྒྱུས་གཏམ་རྒྱུད་དང་འབྲེལ་བའི་དཔེ་ཆོས་འདི་ལྟ་བུར་རང་རེའི་ཀློག་པ་པོ་རྣམས་ཆ་རྒྱུས་མེད་པས། སྐབས་འདིར་འགྱུར་ཡིག་ཏུ། དཔེ་ཆོས་དེ་ཉིད་ཀྱི་རིག་གནས་གྲུབ་ཆ་སོར་འཇོག་བྱ་རྒྱུ་གཙོ་བོར་དམིགས་ནས་ཐད་བསྒྱུར་བྱས་ཏེ་མཇུག་ཏུ་མཆན་འདེབས་པའི་ཐབས་ཤེས་སྤྱད་ཡོད། དེ་ཡང“བསྒྱུར་བྱ་བརྩམས་ཆོས་གང་རུང་ལས་རྩོམ་རང་ངོས་ལས་གསལ་པོར་མི་སྣང་བའམ། ཡང་ན་མཚོན་དོན་གཞན་དང་ལྡན་པ། ཀློག་པ་པོས་གོ་ཁག་པོ་འདུག་སྙམ་པ་དེ་དག་ལ་མཆན་སྟབས་བདེས་གསལ་བཤད་བྱས་ནས་ཁོ་ཚོར་བློ་སྣེ་འཁྲིད་ཐབས་བྱས་ན། རྩོམ་པ་པོ་དང་། ལོ་ཙཱ་བ། ཀློག་པ་པོ་གསུམ་ཀའི་དམིགས་ཡུལ་ཡོངས་སུ་འགྲུབ་པ་ལ་ཤིན་ཏུ་ཕན”ཅེས་པ་ལྟར་ཐད་བསྒྱུར་ལ་མཆན་འདེབས་པ་འདི་ནི་མ་ཡིག་གི་ཐུན་མིན་གྱི་རིག་གནས་ཁྱད་ཆོས་སོར་བཞག་དང་རང་མི་རིགས་ཀྱི་སྐད་བརྡ་ཕུན་སུམ་ཚོགས་པར་གཏོང་བར་མཆོག་ཏུ་སྨན་པའི་ཐབས་དམ་པ་ཞིག་ཡིན་ནོ།

    མདོར་ན། སྒྲིག་གཞི་ཚགས་དམ་ཞིང་རྣམ་པ་གཏན་ཆགས་པའི་དམིགས་བསལ་གྱི་མིང་གི་ཚོགས་པ་དཔེ་ཆོས་ཞེས་པ་འདི་སྐད་རིགས་ཤིག་ནས་སྐད་རིགས་གཞན་ཞིག་ཏུ་ཕབ་བསྒྱུར་བྱེད་དུས། གཅིག་ནས་མ་ཡིག་གི་ནང་དོན་ཇི་བཞིན་མཚོན་ཐུབ་པའི་ཆ་རྐྱེན་འོག་དཔེ་ཆོས་ཀྱི་ཉམས་སམ་ཕྱིའི་རྣམ་པ་ཡང་འགྱུར་ཡིག་ཏུ་ཇི་བཞིན་མངོན་ཐུབ་རྒྱུ་སྟེ། དཔེ་ཆོས་དཔེ་ཆོས་སུ་བསྒྱུར་ཐུབ་རྒྱུ་གཙོར་འཛིན་དགོས་པ། གཉིས་ནས་མ་ཡིག་གི་ཚིག་ངོས་ཙམ་མི་འཛིན་པར་ཤུགས་ཀྱི་བསྟན་དོན་རྟོགས་དགོས་ལ། གནའ་དེང་གི་བརྡ་དོན་ཐད་ཀྱི་འགྱུར་བ་སོགས་ཡང་ཁོང་དུ་ཆུད་ནས་སྐབས་བབ་ཀྱི་བསྟན་དོན་མ་ནོར་བར་མཚོན་ཐུབ་རྒྱུ། གསུམ་ནས་དཔེ་ཆོས་ལས་མི་རིགས་ཤིག་གི་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས། འདུ་ཤེས་འཛིན་སྟངས། ཆོས་ལུགས་དད་མོས་སོགས་གསལ་བར་མངོན་ཐུབ་པས་ན། དེ་སྐད་རིགས་གཞན་ཞིག་ནས་མཚོན་པའི་སྐབས་སུའང་འགྱུར་ཡིག་གོ་བདེ་བ་གཅིག་པུར་མི་དམིགས་པར་གང་ཐུབ་ཀྱིས་མ་ཡིག་གི་ཐུན་མོང་མ་ཡིན་པའི་རིག་གནས་ཆ་འཕྲིན་སོར་བཞག་བྱེད་རྒྱུ་གཙོར་འཛིན་པ་བཅས་ནི་དཔེ་ཆོས་ལོ་ཙཱའི་བླང་བྱ་ཡིན་ནོ། (ལྗོངས་བསླབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་ཚེ་བཟང་སྐྱིད་ཀྱིས)

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།