[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • རྒྱ་བོད་ཡིག་སྒྱུར་གྱི་སྒྲ་སྒྱུར་བྱེད་སྟངས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཉི་མ་ཚེ་རིང་།    |    སྤེལ་དུས།   2019-11-15

    ཡིག་སྒྱུར་གྱི་ལས་གང་འདྲ་ཞིག་ལ་འཇུག་ནའང་། དེའི་ཁྲོད་དུ་ཧ་ལམ་སྒྲ་སྒྱུར་གྱི་བརྒྱུད་རིམ་མ་ཚུད་པ་མེད་ལ། དེ་བཞིན་སྐད་རིགས་ཐ་དད་པའི་མི་གཉིས་ཀྱིས་གླེང་མོལ་བྱེད་དུས་ཀྱང་སྒྲ་སྒྱུར་གྱི་ཐབས་དང་ཁ་འབྲལ་ཐབས་མེད། ལྷག་པར་དུ་མི་རིགས་གཞན་པའི་མིང་དང་དམིགས་བསལ་གྱི་ཡུལ་སྲོལ་གོམས་གཤིས། རིག་གནས་རྣམ་པ་སོགས་བོད་ཡིག་ཏུ་བསྒྱུར་དུས། རང་རེའི་བོད་ཀྱི་ཐ་སྙད་དུ་དོན་མཐུན་པའམ་ཡང་ན། ནང་དོན་ཆ་འདྲ་བའི་ཐ་སྙད་མེད་པའི་སྐབས་སུའང་རྟག་ཏུ་འཕྲད་བཞིན་པས། ཡིག་སྒྱུར་ལས་ལ་འཇུག་དུས་ཐད་སྒྱུར་དང་དོན་སྒྱུར། གཡར་སྒྱུར་སོགས་ལས་གཞན་ད་དུང་སྒྲ་སྒྱུར་གྱི་ཐབས་ལ་ངེས་པར་དུ་བསྟུན་དགོས། རྒྱ་བོད་ཡིག་སྒྱུར་གྱི་ལོ་རྒྱུས་ཁྲོད་དུའང་གནའ་སྔ་མོ་ནས་སྒྲ་སྒྱུར་གྱི་ཐབས་ལམ་མང་དུ་སྤྱད་ཡོད་ལ། ས་མིང་དང་། མིའི་མིང་སོགས་ཐད་ཀར་སྒྲ་སྒྱུར་བྱས་པའང་བོད་རྒྱའི་ཡིག་ཚངས་སུ་མང་པོ་མཐོང་ཐུབ། དེས་མ་ཟད། ཆིང་ཀྲུང་དབྱང་སྲིད་གཞུང་གི་ཆན་ལུང་གོང་མའི་དུས་སུ་རྩོམ་སྒྲིག་བྱས་པའི《御制五体清文鉴》རུ་ཁྱོན་བསྡོམས་རྒྱ་བོད་ཤན་སྦྱར་གྱི་མིང་བརྡ་ཁྲི་གཅིག་དང་བརྒྱད་སྟོང་ལྷག་ཙམ་བསྡུས་པའི་ཁྲོད་དུ་སྒྲ་སྒྱུར་གྱི་མིང་བརྡ་ཁག་གཅིག་བཀོད་ཡོད་པ་ལས་ཀྱང་། སྒྲ་སྒྱུར་གྱི་ཐབས་ལམ་ནི་གནའ་སྔ་མོ་ནས་བཟུང་སྟེ་རྒྱུན་མཐུད་ངང་སྤྱོད་བཞིན་པ་རྟོགས་ཐུབ།

    དང་པོ། སྤྱི་བཤད།

    འདིར་སྒྲ་སྒྱུར་གྱི་གོ་དོན་ཅུང་ཟད་བརྗོད་ན། སྒྲ་སྒྱུར་ནི་མིའི་མིང་དང་ས་མིང་། ཚོགས་པའི་མིང་སོགས་དང་། མི་རིགས་ཤིག་གི་དམིགས་བསལ་གྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་རྣམ་པ་དག་གི་སྐད་གདངས་གཞིར་བྱས་ནས་འགྱུར་ཡིག་གི་སྐད་གདངས་འདྲ་བར་བསྒྱུར་བ་ལ་ཟེར་ཞིང་། སྤྱིར་བཏང་དུ་མིང་གི་ཡིག་སྒྱུར་སྐབས་སུ་སྤྱོད་ཤས་ཆེ། དེའི་རྒྱུ་མཚན་ནི་མི་མིང་དང་ས་མིང་ལ་སོགས་ཡིག་སྒྱུར་བྱས་ན་ནི་ནང་དོན་མ་རྟོགས་དང་ལོག་རྟོགས་སོགས་ཀྱི་ནོར་འཁྲུལ་འབྱུང་སླ་བས་མ་ཚད། མི་རབས་རྗེས་མ་རྣམས་ཀྱིས་ངོས་འཛིན་དཀའ་བའི་ཕྱིན་ཅི་ལོག་པའི་མཇུག་འབྲས་ཀྱང་ཐོན་སྲིད། དེ་བས་རྒྱ་བོད་ཀྱི་མིང་ལ་སོགས་པ་སྒྱུར་སྐབས་ངེས་པར་མ་ཡིག་གི་གདངས་ལ་བསྟུན་ནས་བོད་ཡིག་གི་གདངས་འདྲ་བར་བསྒྱུར་དགོས་ཤིང་། དཔེར་ན། རྒྱ་བོད་ཀྱི་གནའ་བོའི་ཡིག་སྒྱུར་སྐབས་སུ“和尚”ལ་བོད་ཡིག་ཏུ་ཐད་ཀར“ཧྭ་ཤང”ཞེས་སྒྲ་སྒྱུར་བྱས་པ་དང་། ཡང་དཔེར་ན་རྒྱ་རིགས་ཀྱི་འབྱུང་རྩིས་རིག་གནས་ཏེ“八卦”ཞེས་པ་བོད་ཡིག་ཏུ་སྒྱུར་དུས་རྒྱ་སྐད་ཀྱི་སྒྲ་གཞིར་བཞག“སྤར་ཁ”ཞེས་བསྒྱུར་བ་ལྟ་བུ་ཡིན། འོན་ཀྱང་རྒྱ་བོད་ཀྱི་མིང་སྒྲ་སྒྱུར་གྱི་སྐབས་སུ་ཡིད་གཟབ་བྱེད་དགོས་པ་ཞིག་ལ། བོད་རིགས་ནི་སྡོད་གནས་ཅུང་ཁ་འཐོར་ཞིང་ས་ཁྱོན་རྒྱ་ཆེ་ལ། ཡུལ་དང་ཡུལ་གྲུའི་དབར་དུ་རི་བོ་མཐོན་པོ་དང་ཆུ་ཀླུང་ཆེན་པོས་བཅད་པས་ན། སྐད་བརྡ་ལའང་དབུས་གཙང་གི་སྐད་དང་ཁམས་སྐད་དང། ཨ་མདོའི་སྐད་བཅས་ས་ཕྱོགས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྐད་རིགས་གསུམ་ཆགས་པ་དང་། ཞིབ་ཏུ་དབྱེ་ན་ཡུལ་སྐད་རིགས་དེ་གསུམ་གྱི་ཁོངས་སུ་ད་དུང་ཡུལ་སྐད་མི་འདྲ་བ་མང་པོ་ཡོད་པ་རེད། དེའི་དབང་གིས་སྒྲ་སྒྱུར་གྱི་སྐབས་སུ་གཞུང་ལུགས་ལ་རྒྱབ་བཅོལ་ནས་ཡང་དག་པར་བསྒྱུར་དགོས་པ་མ་ཟད། ད་དུང་རང་རེའི་བོད་པའི་ཡུལ་ཕྱོགས་ཆེན་པོ་གསུམ་གྱི་སྐད་གདངས་ལ་གོ་བསྡུར་ཡང་ཡང་བགྱིས་ཏེ་མདོ་དབུས་ཁམས་གསུམ་གང་གིས་ཀྱང་གསལ་པོར་རྟོགས་ཐུབ་པར་བསྒྱུར་དགོས། གཤམ་དུ་རྒྱ་བོད་གཉིས་ཀའི་སྐད་གདངས་ཀྱི་ཁྱད་པར་ལ་གཞི་བཅོལ་ཏེ། རྒྱ་བོད་སྒྲ་སྒྱུར་གྱི་ཐབས་ལམ་ཚད་ལྡན་གྱི་ཕྱོགས་སུ་སྤྱོད་པའི་ཐབས་ལས་ལ་རང་བློས་དཔོག་ཚོད་ཀྱིས་རགས་ཙམ་གླེང་བར་བྱ།

    གཉིས་པ། རྒྱ་བོད་གཉིས་ཀའི་ཀློག་སྟངས་དང་འབྲེལ་ནས་སྒྲ་སྒྱུར་བྱེད་ཐབས་གླེང་བ།

    སྤྱི་ཚོགས་ཉིན་བཞིན་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རང་རྒྱལ་གྱི་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་ཀྱང་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་པ་མ་ཟད། མི་རྣམས་ཀྱི་འཚོ་བ་རིམ་བཞིན་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དེ་ཡུལ་སྐོར་ལ་སོགས་པའི་ཐོན་ལས་ཀྱང་རིམ་བཞིན་འཕེལ་རྒྱས་བྱུང་ནས། ཡར་སྔོན་ལྟར་རིག་གནས་དང་ལོ་རྒྱུས་སོགས་ཀྱི་དཔེ་དེབ་བསྒྱུར་བ་ལས་བརྒལ་ནས་གནས་ཡིག་སོགས་ཡིག་སྒྱུར་བྱེད་པའང་དེང་གི་དུས་སུ་ཧ་ཅང་དགོས་གལ་ཆེ་བར་གྱུར་བས། སྒྲ་སྒྱུར་གྱི་ཐབས་ལ་བརྟེན་ནས་གནས་དང་ཕྱོགས། ལམ་སོགས་འཁྲུལ་མེད་དུ་སྟོན་པའང་མི་རིགས་མཉམ་འདྲེས་ཀྱི་སྤྱིའི་གནས་བབ་ཁྲོད་དུ་དོན་སྙིང་ཆེན་པོ་ལྡན། ཡིན་ཡང་རྒྱ་བོད་མི་རིགས་གཉིས་ཀྱི་སྐད་གདངས་དང་ཀློག་སྟངས་ལ་མཚམས་རེ་ཧ་ཅང་མཐུན་ལ། ཡང་མཚམས་རེ་ཀློག་སྟངས་ཐ་དད་པའི་དབང་གིས་སྒྲ་སྒྱུར་བྱེད་སྐབས་སུ་འགྱུར་ཡིག་ལ་གཅིག་གྱུར་མིན་པའི་སྣང་ཚུལ་ཡང་ཅུང་ཟད་འབྱུང་སྲིད།

    གཅིག་ནི་རྒྱ་བོད་གཉིས་པོའི་སྐད་གདངས་ཀྱི་ཁྱད་པར་ལས་བོད་མིང་དང་རྒྱ་འགྱུར་གཅིག་གྱུར་མིན་པ། བོད་སྐད་ནི་ཡར་སྔོན་སྔོན་འཇུག་དང་རྗེས་འཇུག ཡང་འཇུག་སོགས་གསལ་པོར་ཀློག་པ་དང་། རྒྱ་ཡིག་ནི་དེ་ལྟ་མ་ཡིན་པར་ཡི་གེ་རེ་ལ་གདངས་གཅིག་ལས་མེད། ལྷག་པར་དུ་གནའ་བོའི་དུས་སུ་བོད་ཡིག་ཀློག་དུས་སྔོན་འཇུག་དང་རྗེས་འཇུག་གམ་ཡང་ན། མགོ་མདོགས་སོགས་ཕྲལ་ནས་ཀློག་པའི་སྲོལ་ཡང་ཡོད་པས། ས་སྐྱའི“འགྲོ་མགོན་འཕགས་པ”ལ་རྒྱ་ཡིག་ཏུ་八思巴ཞེས་བསྒྱུར་བ་དང་། ཆིང་སྲིད་གཞུང་སྐབས་སུ“འགྱུར་མེད་རྣམ་རྒྱལ”ལ“朱尔默那末扎勒”ཞེས་བསྒྱུར་བ་ལས་བོད་ཡིག་གི་སྔོན་རྗེས་ཡི་གེ་རེ་རེའི་སྒྲ་གསལ་པོར་བསྒྱུར་ཡོད་ལ། དེང་གི་སྐབས་སུ་བོད་སྐད་ཁྲོད་དུ་རིམ་བཞིན་སྔོན་འཇུག་དང་རྗེས་འཇུག་གམ་ཡང་ན། མགོ་ཅན་སོགས་ཡར་སྔོན་ལྟར་གསལ་པོར་མི་ཀློག་ནའང་། བོད་སྐད་ཀྱི་ཀློག་སྟངས་ཇི་མ་ཇི་བཞིན་དུ་རྒྱ་ཡིག་ལ་སྒྲ་སྒྱུར་བྱེད་པ་སྔར་བཞིན་ཅུང་དཀའ་བས། བོད་སྐད་དུ“རི་བོ་སྐུ་བླ”ཞེས་པའི“སྐུ་བླ”ལ“四姑娘”ཞེས་ཡིག་འབྲུ་གསུམ་དུ་བསྒྱུར་བ་དང་། “བླ་བྲང”ལ“拉卜楞”ཞེས་ཡིག་འབྲུ་གསུམ་དུ་བསྒྱུར་བ། “གདང་ལ”ལ་རྒྱ་སྐད་དུ“唐古拉”ཞེས་ཡིག་འབྲུ་གསུམ་དུ་བསྒྱུར་ནས་བོད་སྐད་ཀྱི་གདངས་ཇི་བཞིན་ཡོང་ཐབས་བྱས་པ་རེད། འདི་དག་ནི་ཕལ་ཆེར་ཡར་སྔོན་གྱི་སྒྲ་སྒྱུར་བྱེད་ཐབས་ཡིན་པ་ལས་དེང་གི་དུས་སུ་སྔོན་འཇུག་གམ་རྗེས་འཇུག་སོགས་རེ་རེ་བཞིན་སྒྱུར་བ་ཧ་ཅང་ཉུང་ཞིང་། དེའི་རྒྱུ་མཚན་ནི་ཡིག་ཚོགས་མང་དུ་འགྲོ་བ་མ་ཟད་ཀློག་སྟངས་ཀྱི་ཆ་ནས་ཀྱང་བོད་ཡིག་གི་གདངས་ལ་ཇི་བཞིན་བསྟུན་དཀའ། དེར་བརྟེན་དེང་གི་དུས་སུ་བོད་མིང་རྒྱ་སྐད་དུ་སྒྲ་སྒྱུར་བྱེད་དུས་སྔར་རྒྱུན་འབྱམས་སུ་སོང་བའི“八思巴”ལྟ་བུ་རང་སོར་འཇོག་པ་ལས་གཞན། ཕྱིས་འབྱུང་གི་མིང་རྣམས་སྐད་གདངས་ཅུང་འདྲ་མཚུངས་ཀྱི་རྨང་གཞིའི་ཐོག་ཏུ་ཡིག་འབྲུ་ཡང་གྲངས་མཚུངས་སུ་སྒྲ་སྒྱུར་བྱས་ན་ལེགས་པར་བསམས་ལ། དེ་ལྟར་ན་རྒྱ་སྐད་ལ་ཡུལ་སྐད་ཀྱི་ཁྱད་པར་དབང་གིས་བོད་མིང་གཅིག་ལ་རྒྱ་འགྱུར་མང་པོ་ཡོད་པའི་རྙོག་དྲ་ཚད་ངེས་ཅན་གྱི་སྒོ་ནས་སྤངས་ཐུབ་པར་སྙམ།

    གཉིས་ནི་བོད་ཀྱི་ཡུལ་སྐད་ཀྱི་ཁྱད་པར་དབང་གིས་རྒྱ་མིང་བོད་འགྱུར་དང་བོད་མིང་རྒྱ་འགྱུར་གཅིག་གྱུར་མིན་པ། གོང་དུ་བཤད་པ་ལྟར། བོད་དུ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་གསུམ་ཡོད་པ་ནི་དེང་དུས་བོད་རིགས་སྤྱི་ཚོགས་ཀྱི་དོན་དངོས་ཡིན་ལ། གཞན་ད་དུང་ས་ཕྱོགས་རེ་རེའི་ཡུལ་སྐད་ལའང་ཁྱད་པར་ཡོད་པས། རྒྱ་མིང་བོད་དུ་བསྒྱུར་དུས་ས་ཕྱོགས་རེ་རེའི་སྒྱུར་སྟངས་མི་འདྲ་བ་དཔེར་ན། སྤྱི་ཁྱབ་ཧྲུའུ་ཅི“习近平”ཡི་མཚན་ལ་དབུས་གཙང་ཁུལ་དུ“ཞི་ཅིན་ཕིང”ཞེས་འབྲི་བ་དང་ཨ་མདོའི་ཁུལ་དུ“ཞི་ཅིན་ཕེན”ཞེས་འབྲི་ལ། རྒྱལ་ས“北京”ལ་དབུས་གཙང་ཁུལ་དུ“པེ་ཅིང”ཞེས་འབྲི་བ་དང་ཨ་མདོའི་ཁུལ་དུ“པེ་ཅིན”ཞེས་འབྲི་བ་རེད། བོད་མིང་རྒྱ་འགྱུར་གཅིག་གྱུར་མིན་པའང་དཔེར་ན། “བྱམས་པ”ལ་རྒྱ་ཡིག“强巴”དང“向巴” “先巴”སོགས་མང་པོ་འབྲི་བ་དང་། “བསོད་ནམས”ལ་རྒྱ་ཡིག་ཏུ“索朗” དང“索南” “斯那”སོགས་འབྲི་ལ། “ཚེ་རིང”ལ“次仁”དང“才让” “其里”སོགས་འབྲི་བ། “གཡང་མཚོ”ལ“拥措”དང“杨措” “永初”སོགས་འབྲི་བ་ལྟ་བུ་རེད། འདི་ལྟ་བུའི་གཅིག་གྱུར་མིན་པའི་རིགས་ནི་རྒྱ་ཡིག་ཏུ་སྒྲ་སྒྱུར་བྱེད་མཁན་གྱིས་བོད་ཀྱི་ས་ཕྱོགས་རེ་རེའི་ཡུལ་སྐད་ཀྱི་ཀློག་སྟངས་ལ་བརྩི་འཇོག་བྱས་ནས་བསྒྱུར་བ་ཡིན་ནའང་། དོན་དུ་བོད་མིང་གཅིག་ལ་རྒྱ་འགྱུར་མ་མང་པོ་བྱུང་བ་དང་། གལ་སྲིད་བོད་མིང་ལ་རྒྱུས་ལོན་ཟབ་མོ་མེད་པ་ན་མི་རིགས་གཞན་ལྟ་ཅི། བོད་རིགས་རང་གིས་ཀྱང་སྐབས་འགར་དོན་དམ་དུ་ཇི་ལྟར་ཡིན་པར་མགོ་བོ་འཐོམ་སྲིད།

    མིང་གི་སྔ་ཕྱི་གུང་བསྒྲིགས་ནས་ཚིག་ཏུ་གྲུབ་ལ། མདོ་དབུས་ཁམས་གསུམ་གྱི་སྐད་ཡིག་གཅིག་གྱུར་བྱེད་པར་མིང་ཚིག་གཅིག་གྱུར་བྱེད་པ་ནི་སྔོན་འགྲོ་ཡིན་ཕྱིན། རྒྱ་མིང་བོད་དུ་སྒྲ་སྒྱུར་བྱེད་སྐབས་སམ་ཡང་ན་བོད་མིང་རྒྱ་ཡིག་ལ་སྒྱུར་སྐབས་སུ་ངེས་པར་དུ་འགྱུར་ཡིག་གཅིག་གྱུར་བྱེད་དགོས་ཤིང་། རང་རིགས་ཀྱི་འཁྲུལ་བ་མེད་པར་རྟོགས་ནུས་པ་དང་། མི་རིགས་གཞན་ལ་ཡང་དག་པར་དྲིལ་བསྒྲགས་བྱེད་པའི་ཆེད་དུ་ཕྱིས་འབྱུང་སྒྲ་སྒྱུར་བྱེད་སྐབས་གུས་པ་དང་འདྲ་བའི་ཡིག་སྒྱུར་ལས་ལ་གཞོལ་མཁན་ཚོས་ཅིས་ཀྱང་ཕྱོགས་ཞེན་གྱི་འདུ་ཤེས་ཡོངས་སུ་དོར་ནས་གཅིག་གྱུར་གྱི་མིང་གི་སྒྱུར་སྟངས་ཤིག་འཚོལ་ཞིབ་བྱེད་པ་ནི་ཧ་ཅང་གལ་ཆེ་བར་མཐོང་།

    གསུམ་པ། རྒྱ་བོད་སྒྲ་སྒྱུར་གྱི་ཐབས་ལམ་ཚད་ལྡན་ཕྱོགས་སུ་སྐྱོད་ཐབས།

    སྐད་ཡིག་ནི་ཕན་ཚུན་བརྡ་སྤྲོད་པའི་ཆེས་རྨང་གཞིའི་རང་བཞིན་གྱི་ཐབས་ལམ་ཞིག་ཡིན་ལ། ཆེས་གལ་ཆེ་བའི་ཐབས་ལམ་ཞིག་ཀྱང་རེད། ལྷག་པར་དུ་སྤྱི་ཚོགས་ཉིན་བཞིན་འཕེལ་རྒྱས་དང་ཚན་རྩལ་ཉིན་བཞིན་གསར་བརྗེ་བྱེད་བཞིན་པའི་དེང་གི་དུས་འདིར། ཚན་རྩལ་དང་འཕྲུལ་ཆས་གསར་པ། རྫས་འགྱུར་དང་ས་མིང་གསར་པ་འབོར་ཆེན་ཐོན་བཞིན་པས། རང་རེའི་བོད་ཡིག་ཏུ་སྒྱུར་དུས་ས་ཕྱོགས་ཡོངས་ཀྱི་ལོ་ཙཱ་མཁན་པོ་ཀུན་གྱི་བློ་གྲོས་གཅིག་ཏུ་བསྡུས་ནས་ཡང་ནས་ཡང་དུ་དཔྱད་བསྡུར་བྱས་ཏེ་གཏན་འཁེལ་བྱེད་དགོས་ཤིང་། དེས་མ་ཟད། གཏན་འཁེལ་བྱས་རྗེས་ཚང་མས་ས་གནས་ཀྱི་ཕྱོགས་ཞེན་དོར་ནས་གང་ཐུབ་ཀྱིས་བེད་སྤྱོད་ཁྱབ་གདལ་བཏང་སྟེ། རྒྱ་བོད་ཀྱི་སྒྲ་སྒྱུར་བྱེད་སྟངས་ཚད་ལྡན་ཡོང་བར་མཐུན་རྐྱེན་ལེགས་པོ་བསྐྲུན་དགོས། དེ་ཡང་གུས་པས་བསམས་ན་གཤམ་གྱི་ཕྱོགས་གསུམ་ནས་འབད་བརྩོན་བྱེད་དགོས།

    གཅིག་ནི་སྔར་ནས་རྒྱུན་འབྱམས་སུ་སོང་བའི་སྒྲ་སྒྱུར་གྱི་མིང་དག་བེད་སྤྱོད་དང་ཁྱབ་གདལ་གཏོང་དགོས། རྒྱ་བོད་ཡིག་སྒྱུར་ཁྲོད་དུ་མིང་ཁག་གཅིག་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ཅུང་གཏན་ཆགས་སུ་གྲུབ་ཡོད་ལ། དེ་དག་ནི་ཡིག་ཚངས་དང་ཁ་སྐད་སོགས་གང་དུའང་ད་དུང་མུ་མཐུད་སྤྱོད་བཞིན་ཡོད་པས། དེང་གི་སྐད་ཆའི་གདངས་དང་མི་མཐུན་ཞེས་ཨུ་ཚུགས་ཀྱིས་ད་ལྟའི་ཀློག་སྟངས་ལ་བསྒྱུར་མི་རུང་། དཔེར་ན། རྒྱ་མིང“文成公主”ལ་སྔར་ནས་བོད་ཡིག་ཏུ“འུན་ཤིང་ཀོང་ཇོ”དང“金城公主”ལ“གྱིམ་ཤིང་ཀོང་ཇོ” “二郎神”ལ“རི་ལང”ཞེས་ཡར་སྔོན་སྒྲ་སྒྱུར་བྱས་པའི་མིང་ཚིག་ཡིག་ཚངས་སུ་གསལ་བ་མ་ཟད་ཁ་སྐད་དུའང་རྒྱུགས་ཆེ་བས། དེ་དག་རང་སོར་འཇོག་པ་ལས་གསར་དུ་སྒྱུར་བའི་དགོས་པ་ཅི་ཡང་མེད། ཡང་དཔེར་ན། བོད་མིང“འགྲོ་མགོན་འཕགས་པ”ལ་རྒྱ་ཡིག་ཏུ“八思巴”ཞེས་དང“རི་བོ་སྐུ་ལྷ”ལ“四姑娘山”ཞེས་སྒྲ་སྒྱུར་བྱས་པ་ད་ལྟའང་རྒྱུགས་ཆེ་བས། དེ་དག་ཀྱང་དེང་གི་སྐད་གདངས་དང་མི་མཐུན་ཞེས་གསར་དུ་བསྒྱུར་དགོས་མེད་པར་རང་སོར་བཞག་ན་ལེགས།

    གཉིས་ནི་ཡུལ་སྐད་ཀྱི་ཁྱད་པར་མེད་པར་སྒྲ་སྒྱུར་བྱེད་སྟངས་གཅིག་གྱུར་བྱེད་དགོས། གོང་དུ་བརྗོད་ཟིན་པ་ལྟར་བོད་རིགས་ལ་ཡུལ་སྐད་ཀྱི་ཁྱད་པར་ཤིན་ཏུ་ཆེ་བས། རྒྱ་མིང་བོད་ཡིག་ཏུ་སྒྱུར་བའམ་ཡང་ན་བོད་མིང་རྒྱ་ཡིག་ཏུ་བསྒྱུར་བ་གང་ཡིན་ཡང་། ཐོག་མར་ཕྱོགས་ཀུན་གྱི་ཡུལ་སྐད་ལ་རྒྱུས་ལོན་བྱས་རྗེས་མང་པོའི་བློ་གྲོས་གཅིག་ཏུ་བསྡུས་ནས་ཚད་ལྡན་གྱི་སྒྲ་སྒྱུར་བྱེད་སྟངས་གཅིག་གཏན་ལ་འཁེལ་དགོས། དེ་ནི་རེ་བ་མེད་པའི་སྟོང་བཤད་ཙམ་མ་ཡིན་ཏེ། རྒྱ་བོད་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་འཛམ་གླིང་གི་རྒྱལ་ཁབ་ཀུན་གྱི་མིང་དང་། རང་རྒྱལ་གྱི་མི་རིགས་ཁག་གི་མིང་གཏན་ལ་ཕབ་ནས་ཕྱི་ཕྱོགས་སུ་བཏོན་པ་ན། ད་ལྟ་བོད་ཀྱི་ཡུལ་ཕྱོགས་ཆེན་པོ་གསུམ་གང་ཡིན་ཡང་ཡུལ་སྐད་ཀྱི་ཁྱད་པར་མེད་པར་ཚིག་མཛོད་དེ་གཞིར་བཟུང་སྟེ་རྒྱལ་ཁབ་དང་མི་རིགས་ཁག་གི་སྒྲ་སྒྱུར་བྱེད་ཐབས་དང་ལེན་བྱེད་བཞིན་ཡོད་པ་རེད། དེ་བས། རྒྱ་རིགས་ཀྱི་མིའི་མིང་དང་ས་མིང་། ཡང་ན་རི་ཆུའི་མིང་དང་རིག་གནས་ཀྱི་མིང་གང་ཡིན་ཡང་། མདོ་དབུས་ཁམས་གསུམ་གྱི་མཁས་པ་གཅིག་ཏུ་འཛོམས་ནས་གཏན་ལ་འཁེལ་ན། མི་རིང་བར་མིང་གཅིག་ལ་སྒྲ་སྒྱུར་བྱེད་སྟངས་ལྡབ་འགྱུར་གྱིས་མང་བའི་གནད་དོན་ཡང་རིམ་བཞིན་ཐག་ཆོད་པར་སྙམ།

    གསུམ་ནི་རིགས་པའི་གཞུང་ལུགས་ལ་རྒྱབ་རྟེན་བཅོལ་དགོས། རིག་ཚན་ཞིག་གི་འཕེལ་རྒྱས་ནི་རིགས་པའི་གཞུང་ལུགས་ཀྱི་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད། མིག་སྔའི་བར་དུ་ཆེད་མངགས་རྒྱ་བོད་སྒྲ་སྒྱུར་སྐོར་ལ་ཞིབ་འཇུག་བྱས་པའི་འབྲས་བུ་མང་པོ་མེད་རུང་། རྒྱ་བོད་ཡིག་སྒྱུར་སྤྱི་ལ་ཞིབ་འཇུག་གི་འབྲས་བུ་ཅུང་འབེལ་བ་དང་། མ་ཟད་མི་རིགས་སློབ་ཆེན་མང་པོར་ཡང་ཆེད་དུ་རྒྱ་བོད་ཡིག་སྒྱུར་གྱི་ཆེད་ལས་བཀོད་སྒྲིག་བྱས་ཡོད་པ་རེད། དེ་དག་གཞི་རྟེན་དུ་བྱས་ནས་རིམ་བཞིན་རྒྱ་བོད་ཡིག་སྒྱུར་གྱི་གཞུང་ལུགས་འཐུས་ཚང་དུ་གཏོང་དགོས་ལ། ཡིག་སྒྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྲུབ་ཟིན་པའི་སྒྲ་སྒྱུར་གྱི་ཐབས་ལམ་ཡང་རིམ་བཞིན་འཐུས་ཚང་དང་ཚད་ལྡན་དུ་གཏོང་དགོས། རིགས་པའི་གཞུང་ལུགས་ཡོད་པ་ན་བརྟེན་དགོས་ཤིང་། དེ་ལྟར་མ་ཡིན་ན་གཞུང་ལུགས་དང་ལག་ལེན་གཉིས་ཕྱོགས་དད་དུ་གྱུར་ནས་རིགས་པའི་གཞུང་ལུགས་ཡོད་ཀྱང་མིང་ཙམ་དུ་ཟད་ངེས།

    སྒྲ་སྒྱུར་ནི་དོན་དམ་དུ་མིང་སྒྱུར་སྐབས་འདོར་དུ་མི་རུང་བའི་སྒྱུར་ཐབས་ཤིག་ཡིན་ཞིང་། ཡིག་སྒྱུར་ལས་ལ་འཇུག་པའི་སྐབས་སུའང་མིང་ཧྲིལ་པོ་སྒྲ་སྒྱུར་རམ་ཡང་ན་མིང་ཕྱེད་སྒྲ་སྒྱུར་དང་ཕྱེད་དོན་སྒྱུར་སོགས་ཀྱི་ཐབས་ཤེས་གང་ལ་གང་འཚམ་གྱིས་སྤྱོད་དགོས། སྒྲ་སྒྱུར་གྱི་དམིགས་ཡུལ་ནི་མིའི་མིང་དང་། ས་མིང་། ལམ་སྣ་སོགས་སྐད་རིགས་གཞན་པའི་ཚོགས་སྤྱི་ཞིག་ལ་མ་ནོར་བར་སྟོན་པས་ན། གཅིག་ནས་ཅི་ཐུབ་ཀྱིས་མ་ཡིག་གི་སྒྲ་སོར་འཇོག་བྱེད་དགོས་ལ། གཉིས་ནས་འགྱུར་བྱེད་བུ་ཡིག་གི་སྐད་ཆའི་ཁྲོད་དུ་ཡུལ་སྐད་ཀྱི་ཁྱད་པར་སོགས་སྤངས་ནས་གཅིག་གྱུར་གྱི་སྒྱུར་སྟངས་ཤིག་ཆགས་དགོས། དེ་ལྟར་ན་དེང་སྐབས་ཀྱི་ཀློག་པ་པོར་ཆ་འཕྲིན་ཡང་དག་པར་མཁོ་འདོན་བྱེད་ཐུབ་ལ། ཕྱི་རབས་པས་འཁྲུལ་མེད་ངང་ངོས་འཛིན་ཐུབ་པར་ཡང་དགེ་མཚན་ཆེན་པོ་ལྡན་ངེས་སྙམ།

    (བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའུ་ཡི་ཉི་མ་ཚེ་རིང)

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།