[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>བོད་ཀྱི་རྩོམ་རིག
  • ཕ་རྒན་གྱི་སྙིང་སྟོབས།ཡི་རངས་ཀྱི་རྗེས་དྲན།

    ཕ་སངས་རྒྱས་ཆོས་འཕགས་ཀྱིས་རྒྱལ་གཅེས་མཐའ་སྲུང་ལས་དོན་བསྒྲུབས་པ་ལས་འཕྲོས་པའི་གཏམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཙཱ་རི་བ་ཀར་ཆུང་།    |    སྤེལ་དུས།   2019-11-21

    གངས་ཅན་ལྗོངས་འདིར་བཅོས་བསྒྱུར་མ་བཏང་གོང་། །

    ཁུལ་འདིར་ཡུལ་མི་ཁྱིམ་དུད་ཉེར་གཅིག་དང་། །

    མི་གྲངས་བརྒྱ་ལྷག་ཡོད་པའི་ལོ་རྒྱུས་ཀྱི། །

    བདེན་གཏམ་ཕ་རྒན་དམ་པའི་ཞལ་ནས་ཐོས། །

    སྐབས་དེར་བྲོས་བྱོལ་ངོ་ལོག་ཇག་ཚོགས་ཀྱིས། །

    མི་བདེན་དཀྲོག་གཏམ་སྣ་ཚོགས་རྐྱེན་དབང་གིས། །

    རྣམ་དཔྱོད་དམན་པའི་ཡུལ་མི་མང་དག་ཅིག །

    རི་བོང་ཅལ་འདྲོགས་ཇི་བཞིན་གཞན་ཡུལ་གྱར། །

    བློ་རྩ་བརྟན་པའི་གཞིས་ལུས་ཁྱིམ་དུད་ལྔ། །

    ཡུལ་སྨད་ཁུལ་དུ་མི་ལོ་ཁ་ཤས་རིང་། །

    མཉམ་སྡོད་བྱས་པའི་ལོ་རྒྱུས་མཆིས་ན་ཡང་། །

    གཞན་གཉིས་འཚོ་ཐབས་དབང་གིས་གནས་གཞན་སྤོས། །

    རེ་གཉིས་རང་སྲུང་རྒོལ་ལན་དམག་འཁྲུག་སྐབས། །

    བཀའ་བཀོད་དང་བླངས་འཐབ་ས་མདུན་མར་བསྐྱོད། །

    སྔོན་གཤེགས་དཔའ་བོའི་ལྷད་མེད་སྙིང་སྟོབས་ལས། །

    རྒྱལ་གཅེས་མཐའ་སྲུང་ཚེ་སྲོག་སྐྱེས་སུ་ཕུལ། །

    རྒྱལ་ཁོངས་ས་ཆ་རང་བདག་ཡོང་བའི་ཕྱིར། །

    དཔོན་དམག་མང་པོའི་གཅེས་སྲོག་ཤོར་བས་ན། །

    སྤྱི་གྲུ་སྟོང་ཆོད་རྒྱལ་ཁོངས་ཕ་གཞིས་དག །

    མེས་རྒྱལ་པང་ཁར་ཞིག་མེད་ལྷུན་པོར་གནས། །

    རང་སྲུང་རྒོལ་ལན་དམག་གི་རྒྱབ་སྐྱོར་ཁྲོད། །

    ལྷག་བསམ་དག་པའི་སྲི་ཞུ་རྣམ་དག་ལས། །

    བཀྲ་ཤིས་རྒྱལ་ཁའི་གཟེངས་བསྟོད་ཚོགས་ཆེན་ཐོག །

    སྔོན་ཐོན་དཔེ་བཟང་མི་སྣར་བྱ་དགའ་ཐོབ། །

    སྐབས་ཤིག་ཡུལ་སྨད་ཀུང་ཧྲེ་ཞེས་གྲགས་པའི། །

    སྒོ་དུད་གསུམ་གྱི་ལོ་རྒྱུས་ལོ་ཤས་བཏོད། །

    འོན་ཀྱང་དེ་ཡང་མ་གནས་གཞན་གཉིས་པོ། །

    རང་རང་འཚོ་ཐབས་དབང་གིས་གཞན་ཡུལ་སྤོས། །

    ལོ་རབས་བརྒྱད་ཅུའི་ལོ་འགོ་ནས་བཟུང་སྟེ། །

    བློ་བརྟན་འགྱུར་མེད་ཕ་རྒན་དམ་པ་ཡིས། །

    རྒྱལ་གཅེས་མཐའ་སྲུང་དོན་ཆེན་གཙིགས་བཟུང་ནས། །

    ཁྱིམ་གཅིག་ཤང་གཅིག་ལོ་རྒྱུས་གསར་དུ་བཏོད། །

    ནང་གོས་ཙམ་ལའང་དཀའ་ངལ་ཆེ་ན་ཡང་། །

    རས་རྒྱུ་བཙལ་ཏེ་རྒྱལ་དར་གསར་དུ་བཙེམས། །

    མེས་རྒྱལ་མཐའ་མཚམས་བརྟན་སྲུང་ཐུབ་པའི་ཕྱིར། །

    སྐར་ལྔའི་དར་དམར་རྒྱལ་མཚམས་ཁུལ་དུ་བསྒྲེངས། །

    གཅིག་དགུ་གྱ་བཞིར་ཕྲུ་གུའི་རེ་འདོད་བཞིན། །

    ཆ་རྐྱེན་ལེགས་ཁུལ་ཐེངས་གཅིག་སྤོས་ན་ཡང་། །

    མཐའ་མཚམས་ཕ་གཞིས་བློས་གཏོང་མ་བྱས་པར། །

    ཁྱིམ་གཅིག་ཤང་གི་ལོ་རྒྱུས་མུ་མཐུད་བསྐྱངས། །

    ཕ་དང་གཅེན་པོས་ཕྱི་དོན་མཐའ་དག་བསྒྲུབ། །

    གཅེན་མོ་ཟུང་གིས་ནང་ལས་ཕྱུགས་རིགས་བསྐྱངས། །

    ཕྱི་འབྲེལ་དབེན་པའི་མཐའ་མཚམས་ཡུལ་གྲུ་དེར། །

    ཐབས་ཆག་འཚོ་བས་མཐའ་སྲུང་བྱ་དོན་གཉེར། །

    འཚོ་ཆས་དབོར་འདྲེན་རྟ་གཡག་ཁལ་མར་བསྟེན། །

    གངས་འཁྱག་རླུང་བུས་ལོ་ཕྱེད་འགྲུལ་ལམ་བཅད། །

    དཀའ་སྡུག་འཚོ་བས་ལུས་སེམས་མནར་ན་ཡང་། །

    ཕྱུགས་འཚོ་མཐའ་སྲུང་དོན་ཆེན་ལྷོད་མེད་འཛིན། །

    རྒྱལ་མཚམས་སྲུང་བར་ཤེས་བྱའི་དགོས་དབང་གིས། །

    དཀའ་ཚེགས་ཆེ་རུང་བུ་ཆུང་སློབ་གྲྭར་བཏང་། །

    ཙཱ་རི་ཡོངས་ནས་སློབ་གྲྭ་མཐར་ཕྱིན་པའི། །

    སློབ་ཐོན་སློབ་མའི་གཟི་བརྗིད་མཚན་སྙན་བླངས། །

    སྨན་བཅོས་ཆ་རྐྱེན་མེད་པའི་རྐྱེན་དབང་གིས། །

    བཟའ་ཟླ་བུ་ཕྲུག་དུས་མིན་འཆི་བས་བཅོམས། །

    དེ་ཕྱིར་བུ་ཆུང་ཆེད་ལས་སྣ་ཚོགས་ལས། །

    དགོས་པའི་དབང་གིས་སྨན་པའི་ལམ་དུ་མངགས། །

    ཕ་མ་གཅིག་ལྕོགས་ཁྱིམ་གཞིས་སྐྱོང་བ་ལ། །

    ཕྱི་ནང་བྱ་དོན་ཧ་ཅང་མང་ན་ཡང་། །

    རི་སྐོར་མཐའ་སྲུང་དོན་ཆེན་རྒྱུན་བསྐྱངས་པའི། །

    རླབས་ཆེའི་མཛད་པས་དེང་འདིར་འོད་སྣང་འཆར། །

    རིང་མིན་གོང་དུ་འབྲེལ་ཡོད་སྡེ་ཚན་གྱིས། །

    འགན་བཞེས་ཤང་གྲོང་གཞུང་ལམ་འཆར་འགོད་མཛད། །

    བགྲང་བྱ་འགའ་ཡི་དཀའ་སྤྱད་འབད་འཐབ་ལས། །

    རྒྱལ་ཁའི་ལམ་ཆེན་ཡུལ་སྨད་ཤང་དུ་བཏོད། །

    རྟ་ལམ་ཕྲ་མོ་གཞུང་ལམ་བདེ་མོར་བསྒྱུར། །

    སྣུམ་བཞུའི་འོད་སྣང་དྭངས་གསལ་གློག་གིས་བཅོམ། །

    རྟ་གཡག་རྒན་པོ་ལས་འཁྱུར་ངལ་གསོར་བཞག །

    ཁྱིམ་གཅིག་ཤང་གི་ལོ་རྒྱུས་རྫོགས་རྟགས་བཀོད། །

    ཁྱིམ་གཞིས་ཡུལ་སྨད་རྒྱལ་ཁབ་ཀྲུང་གོ་དང་། །

    ཕྱུགས་འཚོ་མཐའ་སྲུང་ལོ་རྒྱུས་དོན་གྱིས་བྲིས། །

    དོན་དེར་སྤྱི་ཁྱབ་ཧྲུའུ་ཅི་ཐུགས་འགུལ་ཏེ། །

    འཕྲིན་ལན་གསེར་གྱི་ཕོ་ཉ་གནས་འདིར་སྤྲིངས། །

    བླ་མེད་མཐའ་སྲུང་ཕ་ཁྱིམ་འཛུགས་སྐྲུན་པའི། །

    མཚན་སྙན་བཟང་པོའི་གཟི་བྱིན་ཀུན་ལ་འཕྲོས། །

    མཐའ་ཁུལ་དམངས་ཀྱི་འཚོ་ལམ་གསར་པའི་ཁྲོད། །

    རླབས་ཆེན་ཏང་གི་དྲོ་སྐྱིད་ཉི་གཞོན་འཆར། །

    ཚེ་གཅིག་ལུས་གཅིག་མཐའ་སྲུང་དོན་ཆེན་བསྒྲུབས། །

    ཡུལ་སྨད་ཕུགས་འདུན་གསེར་གྱི་ས་བོན་བཏབ། །

    བདེ་སྐྱིད་འབྲས་བཟང་ཡོངས་སུ་སྨིན་པའི་དུས། །

    སྐུ་ཚེའི་འཕེན་པ་ནུབ་རིའི་འཕགས་སུ་བཞུད། །

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྱིས། །

    མཐའ་སྲུང་དམངས་ཀྱི་བདེ་སྡུག་མངོན་པར་མཁྱེན། །

    དཔེ་མཚོན་འབྱོར་འབྲིང་གྲོང་ཚོ་གསར་སྐྲུན་གྱི། །

    བཀའ་སློབ་གསེར་གྱི་བདུད་རྩི་གནས་དེར་འཇོ། །

    རིམ་ཁག་དབུ་འཛིན་བློ་སེམས་གཅིག་སྒྲིལ་གྱིས། །

    འཕྲིན་ཡིག་དགོངས་པ་དོན་གྱི་ལམ་ཁ་བཏོད། །

    མཐའ་ཁུལ་དམངས་ཀྱི་དོན་ཆེན་སྒྲུབ་པའི་ཆེད། །

    གནད་འཁེལ་ལག་ལེན་ཇུས་གཞི་གསར་དུ་བྲིས། །

    མི་ཐོག་གཉིས་གསུམ་མི་མེད་ལུང་སྟོང་དུ། །

    ཕ་མེས་བཀའ་བཞིན་མཐའ་སྲུང་གཅེན་གཅུང་གཉིས། །

    རླབས་ཆེན་ཏང་གི་བཀའ་དྲིན་ཚོར་བཞིན་དུ། །

    རྒྱལ་གཅེས་མཐའ་སྲུང་དྲིལ་བསྒྲགས་བྱ་བར་བརྩོན། །

    འཛུགས་སྐྲུན་དཔུང་ཁག་ལག་གདང་གཅིག་ཏུ་བསྒྲིལ། །

    འབྱོར་འབྲིང་དཔེ་མཚོན་གྲོང་གསར་སྐྲུན་པའི་ཆེད། །

    གངས་འཁྱག་རླུང་འཚུབ་ཅི་ལའང་མ་འཛེམས་པར། །

    ཕུགས་ཕན་བརྗིད་ཆེའི་ཨར་ལས་བྱ་བར་བྲེལ། །

    སྨན་རྩིས་འཕྲོད་བསྟེན་འགུལ་འཕྲིན་གློག་དྲ་སོགས། །

    བྱ་གཞག་ཞབས་ཞུ་ཚན་པ་མང་པོས་ཀྱང་། །

    མཐའ་ཁུལ་དམངས་ལ་ཕན་བདེ་སྐྲུན་པའི་ཕྱིར། །

    ཁྱད་ནུས་ཅི་ཡོད་སྐྱེས་སུ་འབུལ་བར་མཛད། །

    རྒྱང་བསྒྲགས་བརྙན་འཕྲིན་ཚགས་པར་དུས་དེབ་སོགས། །

    རིགས་ཁག་གསར་འགོད་ལས་བྱ་དུ་མ་ཡིས། །

    ཐོག་མའི་བསམ་འདུན་དེང་དུས་འཕོ་འགྱུར་སོགས། །

    རྒྱལ་ཁའི་གསར་འཕྲིན་རྒྱལ་ཡོངས་ཀུན་ལ་བསྒྲགས། །

    ཕ་ཁྱིམ་ཡུལ་སྨད་རྒྱལ་ཁབ་ཀྲུང་གོ་དང་། །

    ཕྱུགས་འཚོ་མཐའ་སྲུང་རང་གི་འགན་འཁྲིར་བཟུང་། །

    སྙིང་སྟོབས་ཆེན་པོར་རྒྱལ་ཡོངས་ཀུན་གྱིས་བཀུར། །

    བསམ་བཞིན་བསྟོད་དབྱངས་སྨྱུག་རྩེའི་ལམ་ནས་ཐལ། །

    ཚེ་གཅིག་ལུས་གཅིག་རྒྱལ་གཅེས་མཐའ་སྲུང་གི །

    དོན་ཆེན་གཙིགས་སུ་འཛིན་པའི་ཕ་རྒན་མཆོག །

    རྗེས་དྲན་ཡི་རངས་ཞུ་བའི་ཚིག་ཕྲེང་འདི། །

    བཅོས་མིན་བུ་ཆུང་སྙིང་ནས་དབང་མེད་ཐལ། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།