[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འདབ་ལོ་སེར་པོ་དང་བགྲེས་སོང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བསོད་ནམས།    |    སྤེལ་དུས།   2019-12-01

    དུས་ཚིཌ་འགྱུར་བཞིན་ཐམས་ཅད་འགྱུར་བའི་ཚུལ། །

    ཚུལ་དེས་ཡིད་ལ་སྐུལ་སློང་ཇི་ལྟར་བྱུང་། །

    བྱུང་རིམ་བཅད་ལྷུག་སྤེལ་མའི་གཟུཌ་བརྙན་འདི། །

    འདི་ཀོ་དཔྱོད་ལྡན་རྣམ་པའི་སྤྱན་སྔར་གསོལ། །

    རྫོགས་ལྡན་སྟོན་མཐའི་ནམ་མཁའ་གཡའ་དག་ཅིང་། རླུང་བསིལ་གྱིས་སེར་པོར་གྱུར་པའི་ལྕང་འདབ་གང་སར་འཁྱེར་བའི་ཞོགས་པར་བདག་གིས་སྐྱེད་ཚལ་དུ་སོང་སྟེ། མཁའ་རླུང་སོས་པས་ཁམས་བདེ་བར་བྱས།

    སྐབས་དེར་མདུན་ཕྱོགས་ནས་གཞོགས་གཡོན་ངོས་བཟའ་མ་བུད་མེད་ཅིག་གིས་སྐྱོར། གཞོགས་གཡས་སུ་རང་གི་ལག་ཏུ་ཐོགས་པའི་འཁར་རྒྱུག་ལ་བརྟེན་ནས། གོམ་པ་དལ་བུར་མདུན་དུ་སྤོས་ཏེ་འོང་བའི་བགྲེས་སོང་ཞིག་མིག་ལམ་དུ་འཆར། རྒྱང་ཙམ་གྱི་སར་གནས་པའི་རྒད་པོ་དེར་བསམས་བཞིན་དུ། བདག་གི་སེམས་ལ་ལོ་ནའི་ཁྲེས་པོ་དེ་ལྕི་པོ་ཇི་ཙམ་མིན་ནམ། རྐང་པ་གཉིས་ཀར་ལྗིད་ཚད་རྒྱ་མ་བཅུ་གྲངས་ཡོད་པའི་རྡོ་བ་བཏགས་པ་ལྟ་བུའི་གོམ་པ་སྤོ་སྟངས་འདི་ནི། ཐམས་ཅད་མི་རྟག་པའི་རྒྱུ་མཚན་ཡང་དག་པའི་རྟགས་འགོད་པ་ཞིག་ཡིན་པས། དུས་ཀྱི་དབང་གིས་འཇིག་རྟེན་ཕྱི་ལྗོངས་ཀྱི་ཁ་དོག་འགྱུར་བ་དང་ལོ་ནས་རྐྱེན་པས་དབང་པོ་ཉིན་རེ་བཞིན་དང་། ཟླ་རེ་བཞིན། ལོ་རེ་བཞིན་གོམ་པ་རིམ་བགྲོད་ཀྱིས་རྒུད་སོང་བ་ནི། ཕྱོགས་རིས་སྤུ་ཙམ་མེད་པར་སྐྱེ་བོ་ཡོད་དོ་ཅོག་ལ་ལོ་ནའི་རྡོག་ཁྲེས་གཅིག་མཚུངས་སུ་བསྐུར་བ་ཞིག་མིན་ན་གང་ཡིན་སྙམ། དེ་ནས་ཡུད་ཙམ་སོང་སྐབས། སྐྱེད་མོས་ཚལ་དེར་ལུས་བོང་ལ་འབད་བཞིན་པའི་སྐྱེས་ཕོ་མོ་ཁག་གཅིག་གིས། མདུན་ནས་དལ་བུར་ཆས་འོང་བའི་རྒན་པོ་དེའི་གམ་དུ་བཅར། འགའ་རེས་འཁར་རྒྱུག་འཆང་བའི་རྒན་པོའི་ཕྱག་ནས་འཇུས་ཏེ་བཙིར་བཙིར་གྱིས་དྲན་གདུང་དང་། གུས་བཀུར་གྱི་རྣམ་པ་མཚོན། ཡང་འགའ་ཞིག་གིས་རྡུལ་རླུང་འགོག་པའི་ཁ་རས་ཕུད། མགོ་ཐོག་གི་ཞྭ་མོ་ཡང་ཕུད་དེ་བགྲེས་སོང་དེར་འཚམས་འདྲི་ཞུ། ཚུལ་དེར་བརྟག་པ་ཙམ་གྱིས་རྒད་པོ་དེ་ནི་སྤྱིར་བཏང་ཞིག་མིན་པ་དྲན་ཤེས་སུ་འཆར།

    ལྕང་འདབ་ས་ལ་ལྷུངས་པར་སྐྱོ་དོན་ཅི། །

    དབྱར་གསུམ་ལྕང་མས་འཇིག་རྟེན་མཛེས་པར་བྱས། །

    རྒས་ཤིང་འཁོགས་པར་ཡིད་འབྱུང་སྐྱེ་དོན་ཅི། །

    མ་རྒས་བར་དུ་ལེགས་བྱས་རྣམ་ཐར་བསྐྱངས། །

    ཡང་སྙིང་བགྲེས་སོང་དེ་བྱས་པ་ཅན་སུ་ཞིག་ཡིན་ནམ་སྙམ་སྟེ་སྟངས་སྟབས་མྱུར་པོས་མདུན་དུ་སོང་། ཧ་ལས་སོང་། དངོས་གནས་བགྲང་བྱ་ལྔའི་གོང་བོད་ཀྱི་རིག་གནས་བཅུ་གང་ཐད་ཀྱི་འཆད་ཁྲིད་ལ་མངའ་དབང་སྟེ། བློ་གསལ་མང་པོའི་ཡིད་ངོགས་སུ་བཅུ་ཕྲག་རིག་པའི་ཉིང་བཅུད་ཅི་དགར་འཇོ་བའི་བཤེས་གཉེན་དམ་པ། རྒོད་སྐྱེས་ལགས། དུས་ཐུང་ནང་ཁྱེད་དེ་ལྟའི་རྒས་མྱུར་བ་ལ་ཨང་། བགྲང་བྱ་གཉིས་གོང་བཤད་སྟེགས་ཐོག་དབུ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་ཙམ་དུ་སོང་ཟིན་ཡང་། དཔྲལ་ཞེང་ཆེ་བའི་ཐོག་སྤྱན་ཟུང་ལ་ཆེ་ཤེལ་ཞིག་བསྐྱོན། ཕྱག་ཏུ་སློབ་ཁྲིད་དེབ་ཅིག་བསྣམས་ཡོད་ཀྱང་། དེ་ནི་ཕྱི་ཚུལ་ཙམ་ལས། ཁྱེད་ཐུགས་རིན་ཆེན་བུམ་པའི་ཁོང་དུ་ཚཌ་ཚུད་པའི་ཤེས་བྱའི་བདུད་རྩི་ལས། ཉིན་མ་རེས་སྐོར་གྱིས་སྒྲ་ཚད་བཟོ་སོགས་སྣ་ལྔའི་རིག་གནས་ཀྱི་དོགས་གནད་ཀུན་སྒོག་ཙོང་པགས་པ་བཤུ་བ་ཞིན་འགྲེལ་བས། བདག་དང་བདག་འདྲ་བའི་སློབ་མ་ཚོའི་བློ་ཡི་ཞིང་ཁམས་སུ་ཤེས་རབ་ཀྱི་སྡོང་པོ་རིམ་གྱིས་རྒྱས་པའི་རྐང་འཐུང་ཅིག་ཅར་དུ་འཚར། ཁོང་མིག་ངོ་ཆོད་མ་ཐག་ཏུ། ཁོ་བོས་སྐྱེད་མོས་ཚལ་དུ་རྐང་བརྐྱངས་ལག་བརྐྱངས་ཀྱིས་ལུས་རྩལ་པའི་ཉམས་འགྱུར་འདོན་པའི་འཁྲབ་རྩལ་ཡང་རང་དགར་འཁུམས།

    འདས་ལོའི་ཕྲེང་བར་དགེ་བའི་བཤེས་གཉེན་གྱིས། །

    ལེགས་བཤད་འོ་རྒྱུན་ཡིད་དུ་བསྲིངས་མྱོང་བས། །

    ད་ནངས་བདག་ཉིད་ཆེན་པོའི་སྐུ་བརྙན་དེ། །

    མིག་ལ་འཆར་དུས་སྔར་བཞིན་དད་གུས་སྐྱེས། །

    དལ་དལ་གྱིས་གོམ་པ་མྱུར་དུ་མགྱོགས་སུ་བཏང་སྟེ། སློབ་ཚན་ཐེངས་མང་ཉན་མྱོང་བའི་བགྲེས་སོང་གང་དེའི་གམ་དུ་བཅར། རྒན་ལགས། མ་མཇལ་ལོ་ཤས་སོང་རིང་། སྐུ་ཁམས་བཟང་། སྔོན་ཆད་ནང་བཞིན་རེད་འདུག བགྲེས་ཚུལ་མངོན་གསལ་གང་ཡང་མི་འདུག་ཅེས་ཞུས། ཁོང་ནི་མཁྱེན་པའི་བདག་པོ་ཞིག་ཡིན་པའི་ཐོག་སྐུ་ལུས་གོག་པོར་གྱུར་ཀྱང་། བཤེས་གཉེན་གྱི་ཐུགས་གཤིས་དང་། ཁ་ཐུག་དྲང་པོའི་བློ་གྲོས་ལ་འགྱུར་བ་ག་ནས་ཡོད། ཁྱོད་སུ་ཡིན་ནམ། ལོ་རྒས་པའི་དབང་གིས་ངོ་ཡག་པོ་ཤེས་ཀྱི་མི་འདུག ཁྱོད་རང་ཤེས་རབ་ཡིན་ནམ། ཁྱོད་ཀྱིས་སྤྲེལ་ལད་འཁྲབ་ནས་སྐད་ཆ་དྲང་པོ་བཤད་མ་སོང་ངཱ་། ཁྱོད་རང་ལྟོས་དང་། ལོ་ལྔའི་ནང་གླིང་ག་འདིའི་ལྗོན་ཤིང་གི་འདབ་མ་ག་ཚོད་བསྐྱུར་མེད་དམ། ལྕང་རྒན་ཁག་གཅིག་འགྱེལ་ཟིན་ཡོད་ངེས་ལ། ལྕང་གསར་ཁག་གཅིག་གི་ཡལ་གར་ཡང་གོད་ཆག་བྱུང་ཡོད་ཀྱི་རེད་ཅེས་ཕྱག་གཡོན་མའི་ཕྱག་མཛུབ་ལྕང་སྡོང་ལ་འཛུགས་ཙམ་གནང་། ཡང་ཁོང་གིས་བཞད་མོ་བཞད་ཙམ་གྱིས་དེ་ག་རང་རེད་དཱ། ང་ཡང་ཁྱོད་དང་མ་ཕྲད་པའི་ལོ་ཤས་ནང་འཁར་བ་གྲོགས་སུ་བསྟེན་མཁན་རྒན་འཁོགས་འདི་འདྲ་ཞིག་ཆགས་ཟིན་ཡང་། ད་དུང་གཞོན་ཤ་དོད་པོ་འདུག་མདོག་གི་སྐད་ཆ་བཤད་ན་ངའི་རྣ་བར་ག་ནས་འཐད་ཅེས་གསུངས།

    ངས་ག་ཞུ་འདི་ཞུ་མེད་པར། རྒན་ལགས་ད་ལྟ་སྐུ་གཟུགས་སྣང་དག་མི་འདུག་ཅེས་བརྗོད་པའི་ཚེ། སྐུ་ཁམས་གསལ་ཐང་ཡིན་ནའང་དྲང་པོ་བཤད་ན་འཆི་ཐག་ཉེ་རུ་ཉེ་རུ་འགྲོ་བཞིན་ཡོད། ཁྱོད་ཀྱང་ལོ་ག་ཚོད་ལ་སླེབས་སོང་ངམ། ད་ཕལ་ཆེར་ལོ་བཞི་བཅུ་ཟིན་པ་ཡོད། ང་ཚོ་ཐམས་ཅད་འཇིག་རྟེན་འདིར་རྐང་པ་བཙུགས་པ་ནས་བཟུང་ཕར་འགྲོ་ཤ་སྟག་སོང་ཙང་། ལོའི་ཕུང་པོ་འདིས་མནན་པར་བྱེད་ཐབས་མི་འདུག་གཱ ཡིན་ནའི་ན་རྒས་རྫི་རྡིབ་ནི་གཡོལ་ཐབས་མེད་པའི་འཇིག་རྟེན་འཁོར་བའི་ཆོས་ཉིད་རང་རེད། འདི་ལ་འཁང་ར་བྱེད་རྒྱུ་མེད་ཅེས་ཕྱག་གི་འཁར་རྒྱུག་ཀྱང་ས་ལ་རྡིག་རྡིག་ཏུ་བཙུགས་ནས། ཁོང་གིས་དབུགས་ཐེངས་གཅིག་ལ་ང་ལ་རྒྱུ་འབྲས་ཀྱི་རྣམ་གཞག་ཆེས་གསལ་བའི་སློབ་ཚན་ཐེངས་གཅིག་འཁྲིད་གནང་བྱུང་།

    ཇི་ཙམ་ལོ་ནས་ལུས་ཕུང་མནན་ཙམ་གྱིས། །

    དབང་པོ་ཤེས་རབ་གསལ་པོ་འགྲིབ་ནུས་མིན། །

    འཆར་གཞི་བཀོད་པའི་སློབ་ཁྲིད་མ་ཡིན་གྱི། །

    དོན་བསྟུན་སློབ་ཁྲིད་འདི་འདྲ་རིན་ཐང་ཆེ། །

    སྐབས་དེར་ཁོ་བོས་ཕྱག་གཡས་པའི་འཁར་བ་ཚུར་བླངས་ཏེ་བཤེས་གཉེན་ལ་བཀུར་བསྟི་བགྱི་བའི་བློས་ཀུན་ནས་བླངས་ཏེ། གཞོགས་སྐྱོར་ཞུ་རྩིས་བྱས་པའི་ཚེ། ཁོང་གི་བཞིན་རས་ནས་འཛུམ་མདངས་དང་བཅས། ཁྱོད་ཀྱི་སེམས་ནས་དྲན་པ་ཙམ་གྱིས་འཐུས། ངའི་གཞོགས་གཡས་འདི་འཁར་བ་འདི་རང་ལ་བསྟེན་ན་དགའ། ཁྱོད་ཀྱིས་འཁྱུག་ཙམ་ཞིག་སྐྱོར་བ་འདིས་ཕུགས་འཕེར་རྒྱུ་ཕར་ཞོག དེ་ལས་ལྡོག་ནས་སྐྱག་ལང་ཤོར་གྱི་རེད། འཆི་ཁར་ཐུག་ཀྱང་རང་བགྲོད་སྦྱོང་བརྡར་བྱས་ན་དགའ་ཡི་རེད། ང་ཚོ་ཨ་མའི་ཁོག་ནས་སྐྱེས་རྗེས་རིམ་བཞིན་གོམ་བགྲོད་སྦྱངས་མེད་དམ། ད་ཆ་སླར་ཡང་གོམ་བགྲོད་ཅིག་སྦྱངས་ཀྱང་། བྱིས་པའི་དུས་དེར་དྲན་གསོ་ཡོང་གི་རེད་ཅེས་བཞད་གད་སློང་བའི་བཀའ་མོལ་ཞིག་གསུངས།

    ལྕང་མའི་འདབ་མ་ཐམས་ཅད་ལྷགས་པས་ཕྱོགས་མཚམས་གང་སར་འཁྱེར་ཏེ་སྐྱི་གཡའ་བའི་སྐྱེད་མོས་ཚལ་གྱི་ཁོར་ཡུག་དེ་ནས་གློ་བུར་དུ་འཕྲད་པའི་བཤེས་གཉེན་བགྲེས་སོང་དང་ཞལ་གྱེས་ཞུ་སྐབས། གུས་པས་རྒན་ལགས། མ་མཇལ་བར་སྐུ་གཟུགས་ལ་ཐུགས་འཇགས་གནང་རོགས་ཞེས་ཞུས་པའི་ཚེ། ཁོང་གིས་ཞལ་འཚེར་འཚེར་གནང་། སླར་ཡང་ཕྱག་གཡོན་མའི་ཕྱག་མཛུབ་སྡོང་རྒན་ཐོག་ནས་ལྷུང་བཞིན་པའི་འདབ་ལོ་སེར་པོ་དག་ལ་འཛུགས་ཀྱིན། ལྟོས་དང་། སྟོན་ལྷགས་ཀྱིས་ལྕང་འདབ་ལ་རང་དབང་སྤུ་ཙམ་མི་འདུག་གཱ། དེ་ནི་དུས་ཀྱི་དབང་གིས་རེད། ཡིན་ཡང་ལྕང་རྒན་རྩ་བར་རུལ་སྐྱོན་མ་བྱུང་ན། འདི་ལ་ཕྱི་ལོ་སླར་ཡང་འདབ་ལྗང་གསར་དུ་འདོགས་རྒྱུ་ཡོད། སྡུག་ཟེར་ན་རྒན་འཁོགས་ང་ལྟ་བུ་རེད་དཱ། ལང་ཚོ་བསྐྱར་ལོག་རྒྱག་རྒྱུ་མེད་པའི་འགྲོ་བ་སེམས་ཅན་འདི་དག་རེད། དེ་ལས་ཁྱོད་ཀྱིས་གཟུགས་པོར་ཅ་ག་ཡག་པོ་གྱིས་ཨང་། དེ་སྔོན་ང་རང་གཞོན་ནུའི་དུས་ལ། ངག་རྒྱུན་དུ་མི་རྣམས་ཀྱིས་སྤྱི་ཚོགས་ཐོག་གཟུགས་པོ་ནི་གསར་བརྗེའི་མ་རྩ་ཡིན་ཟེར་སྲོལ་ཡོད། དེང་སང་ཡང་སྐད་ཆ་དེ་ལ་འགྱུར་བ་ཏོག་ཙམ་བྱུང་འདུག ཁྱོད་ལ་ཤོད་རྒྱུ་ཨེ་ཡོད་ཅེས་གསུངས།

    ཁོང་གི་དྲི་བ་དེ་ནི་སྔོན་ཆད་འཛིན་གྲྭའི་ནང་ཁོང་གིས་ངེད་སློབ་མ་ཚོར། ཡར་ལོངས་ལ་ཚིག་བཅད་ཤོ་ལོ་ཀ་འདི་དོན་རྒྱན་སོ་ལྔའི་རྒྱན་གང་གི་ཁོངས་སུ་གཏོགས་སམ། ཤེས་བྱ་དང་ཤེས་བྱ་མིན་པའི་མུ་བཞི་ཇི་ལྟར་འཇོག་གམ་ཞེས་ལན་བསྐུལ་བ་དང་ཅིས་ཀྱང་མཚུངས། ཁོ་བོས་ཧོབ་སྟེ་དེའི་ལན་ཞུ་མི་ཐུབ་པའི་ཚེ། ཁོང་གིས། ཧི་ཧི་དེང་སང་མི་རྣམས་ཀྱིས་གཟུཌ་པོ་ནི་ཕྱུག་འགྱུར་གྱི་མ་རྩ་ཡིན་ཟེར་གྱི་མེད་དམ་ཞེས་གསུངས།

    བསྙེན་བཀུར་དང་དུ་མི་བཞེས་བགྲེས་སོང་གི །

    འཁར་བར་འགྲོཌ་སྟངས་སྦྱོང་བ་དགའ་ཞེས་པའི། །

    མཚར་གཏམ་འདི་ནི་བདག་ཅག་མི་རབས་ཚོར། །

    ཅི་ཡང་སྦྱོང་བར་བསྐུལ་བའི་གདམས་ངག་དངོས། །

    ལོ་ཟླས་སྐུ་སྟོད་སྒུར་ཞིང་འཁར་བ་གྲོགས་སུ་བསྟེན། རིག་སྟོབས་དེ་འདྲ་བ་ཉམས་རྒྱུ་མེད་པ་ངོ་མཚར་ཆེ། དུས་དེར་ངས་རྒན་ལགས་ཀྱིས་གསུངས་པ་དེ་རང་རེད། བྱ་བ་ཐམས་ཅད་བསམ་པ་བཞིན་འགྲུབ་དགོས་ན། ཐོག་མར་གཟུགས་པོ་ཨམ་ཐང་ཞིག་དགོས་ངེས་རེད་ལགས་ཞུས། ཁོང་གིས་དེ་རང་རེད། ཁྱོད་གཟུགས་པོར་སྦྱོང་བརྡར་དང་ཅ་ག་ཡག་པོ་བྱོས། ངའི་གོ་ཐོས་ལ་དེང་སང་ཁྱོད་ཚོའི་ལོ་ཚོད་ཀྱི་མི་ཁག་གཅིག་སྦི་རག་ལ་དབྱིངས་ཞུགས་ཏེ། ཚོད་མེད་བཏུང་ནས་རང་ཉིད་ཀྱི་རྩ་ཆེའི་ཚེ་སྲོག་རྒས་ཁོམ་མེད་པར་གཤིན་རྗེའི་ཕྱག་ལ་འབུལ་གྱི་ཡོད་པ་འདྲ། ངས་གཟུགས་པོར་ཅ་ག་བྱོས་ཞེས་སྨྲ་བ་འདི་ཞོགས་ལྟར་ལུས་སྦྱོང་གྱིས་ཞེས་ཁོ་ན་ཙམ་ལ་བཤད་པ་མིན། ཅ་ག་བྱོས་ཟེར་བའི་ནང་དོན་དུ་ཟས་དང་སྤྱོད་ལམ་སོགས་ཕྱོགས་མང་པོ་ཞིག་ཚུད་ཡོད། ད་ལྟའི་སྐད་ཆ་འདི་དག་ང་ཁྱོད་ཀྱི་དགེ་རྒན་བྱེད་མྱོང་བ་ཞིག་གིས་ལྕང་འདབ་སེར་པོ་ལྷུངས་བའི་དུས་ཚིགས་འདིར་བཤད་པའི་ཁ་ཆེམས་ཤིག་ལ་བརྩིས་ཀྱང་ཆོག་ཅེས་གསུངས།

    སྐབས་དེར་རྒན་ལགས་ཀྱི་ཚེ་རོགས་བགྲེས་མོ་དེས། ཧིན། ད་ཡིན་ན་ཁྱེད་ཀྱིས་ཉན་མཁན་འདུག་དགོངས་ནས་གང་ཡང་གསུངས་ཀྱི་འདུག བཀའ་མོལ་ཁྱད་མཚར་འདི་འདྲ་གསུངས་ནས་ཅི་ཡིན། ད་ལྟ་ཁྱེད་འཚོ་བཞུགས་མ་རེད་པས་ཞེས་ཟེར། ཁོང་གིས་བགྲེས་མོར་ཕྱོགས་ནས། མི་མ་འཆི་གོང་ནས་ཕན་ཐོགས་ཡོད་པའི་སྐད་ཆ་ཤོད་ཐུབ་ན་དེ་རིན་ཐང་ཡོད་པར་བརྩི་ཆོག ཚེ་འདི་ཆུ་ལྦུར་ནང་བཞིན་ད་ལྟ་ཡོད་ཀྱང་ད་ལྟ་མེད་པར་འགྱུར་འགྲོ་བས། ཚེ་སྲོག་གི་གསོན་ཤུཌ་ཡོད་དུས་བསམ་བློ་བཏང་ཡང་འདྲ། སྐད་ཆ་བཤད་ཀྱང་འདྲ། བྱ་བ་སྒྲུབ་ཀྱང་འདྲ་ཚང་མ་བསམ་ཕོད་པ་དང་བྱེད་ཕོད་པ་ཞིག་དགོས་ཀྱི་རེད། དབུགས་ཀྱི་རྒྱུ་བ་ཡར་འཐེན་ནས་མར་གློད་དཀའ་བའི་དུས་འཆར་ཙ་ན། བསམ་བློ་མང་པོ་བཏང་ནས་ཀླད་ཆེན་བསྐུལ་ཡང་སྨྲ་བྱེད་ཀྱི་ནུས་པ་ཤོར་ནས་ཁ་གདངས་མིག་ཅེར་དུ་ལུས་ཀྱི་རེད་ཅེས་གསུངས།

    རིག་པའི་གནས་ཀུན་འཚོ་བའི་ཁ་ཏ་སོགས། །

    སྔར་ནས་འཇིག་རྟེན་འགྲོ་ལུགས་ཀུན་གྱི་གནད། །

    མ་གསང་ཐད་ཀར་ངག་སྒྲོས་ལས་བྱུང་བའི། །

    དགེ་བཤེས་འདི་འདྲའི་དྲིན་ལན་ཇི་ལྟར་གཞལ། །

    རྒན་ལགས་ཀྱི་བཀའ་མོལ་དེ་སྐད་གསུངས་ཟིན་མཚམས་སུ། བགྲེས་མོ་དེས་བདག་ལ་ཞལ་ཕྱོགས་ཏེ། ཝ་ཡེ། གཞོན་པ། མ་གཞི་ཁྱེད་རང་གིས་སྟངས་འཛིན་ཐུབ་ངེས་རེད། ཡིན་ནའི་རྒན་མོའི་གསལ་འདེབས་ཡིན། རྒན་འཁོགས་ཀྱི་བཀའ་མོལ་ཡོད་ཚད་གསན་དགོས་མ་རེད། འདི་བྱས་ན་འདི་ཡོང་གི་རེད་ཅེས་ཉེན་ཁ་ཤ་སྟག་གསུངས་ཀྱི་རེད། ཁྱེད་རྣམ་ཚོ་ད་ལྟ་ན་སོ་དར་བའི་སྒང་ཡིན་པས། བྱ་གཞག་སྒྲུབ་པར་བློ་ཁོག་དགོས་ཀྱི་རེད། འཆིང་ཞགས་ཐམས་ཅད་འཁོན་དོགས་ལ་མ་འཛེམས་ན་དགའ་ཡི་རེད་ཅེས་གསུངས། བགྲེས་མོའི་བཀའ་སློབ་ལའང་རྒྱུ་མཚན་ངེས་ཅན་ཡོད་པས། ཁོ་བོས་མགོ་བོ་སྒུར་སྒུར་གྱིས་བཀའ་མོལ་ལ་མོས་གུས་ཀྱི་རྣམ་འགྱུར་མཚོན་པའི་གུས་ལན་ཞུས།

    ཡིན་ནའང་རྒན་ལགས་ནི་ཁོ་རང་གི་ཚེ་རོགས་བགྲེས་མོའི་བཀའ་མོལ་དེ་དག་ཐུགས་ལ་མ་འཐད་པར། ཞལ་ཕར་ཕྱོཌ་ཏེ་གསུང་ཡང་ཆེ་རུ་སོང་བ་དང་། འ་ལད། ཁྱོད་ཚོས་ཐབ་ཚང་དང་སྒོ་རའི་ནང་གི་ལས་ཀ་ཙམ་ལས་ཤེས་མདོག་མེད། ཁ་རོག་སྡོད། ངས་སློབ་མར་འདྲ་མིན་བཤད་ནས་ལུས་སེམས་བསྡམས་པའི་འཆིང་ཞཌ་འགྲེམས་ཀྱི་མེད་དཱ། ནམ་འཆི་ངེས་པ་མེད་ཅིང་དུས་གཏན་སྡོད་རྒྱུ་མེད་པའི་འཇིག་རྟེན་གྱི་ཆོས་ཉིད་བཤད་ན། ལས་ངན་པ་བྱ་རྒྱུར་བཀག་འགོག་དང་མི་ཡུལ་དུ་སྡོད་རིང་ལས་བཟང་པོ་བྱེད་རྒྱུར་ཁྲིད་སྟོན་ཡོང་གི་རེད་ཅེས་བགྲེས་མོར་གསུངས།

    བགྲེས་མོས། འོ་ཡཱ། ད་ཡིན་ན། བོད་ཀྱི་གཏམ་དཔེར། དགེ་བཤེས་ལགས་དང་མཚན་ཉིད་མ་རྩོད། ཀ་བ་ལགས་དང་རྡུང་ཁ་མ་རྒྱག་ཟེར་སྲོལ་ཡོད། ཁྱེད་རང་སློབ་གྲྭ་ཆེ་མོའི་དགེ་རྒན་བགྲེས་སོང་འདི་འདྲ་ཞིག་ལ་ཐེམ་པས་ལ་མོ་བྱེད་པ་དང་། སྒོ་རས་ཐང་བྱེད་མཁན་ཞིག་གི་ཁ་གཏད་གཅོག་ག་ནས་ཐུབ་ཅེས་གསུངས། དུས་དེར་གུས་པས་རྒན་ལགས་ཀྱི་བཀའ་མོལ་ཚིག་དོན་རྣོན་པོ་དེའི་ངར་གཅོག་ཐབས་བྱེད་པ་ལྟར། རྒན་ལགས། ཁྱེད་ནས་དེ་འདྲ་མ་གསུངས་རོགས་གནང་། ཐེམ་པས་ལ་མོ་དང་། སྒོ་རས་ཐང་བྱེད་པའི་བགྲེས་མོ་འདི་ཚོའི་གྲས་ཀྱིས་འཚོ་བའི་ཐད་ནས་གཞོགས་འདེགས་བསམ་གྱིས་མི་ཁྱབ་པ་གནང་མེད་ན། ཁྱེད་སྐུ་ཡོན་ཆེ་བའི་བཤེས་གཉེན་གྱི་སྐུ་ཡོན་ཕྱག་ལས་ཐོག་ཆ་ཚང་བ་ཞིག་འདོན་དཀའ་བར་ངེས། ཇི་སྐད་དུ། ཕོ་ནི་ཐབས་དང་མོ་ནི་ཤེས་རབ་ཅེས་གསུངས་ཡོད། བཟའ་མ་བུད་མེད་ཀྱིས་ཀྱང་ཁྱིམ་ཚང་དང་སྤྱི་ཚོགས་ལ་ཕུལ་བའི་ལེགས་སྐྱེས་བརྗོད་མི་ཚར་བ་ལྟ་བུ་ཡོད་ལགས་ཞེས་ཞུས། ཁོང་གིས་ངའི་སྐད་ཆ་དེ་དག་གསན་རྗེས། ཡག་པོ་བཤད་སོང་། ཁྱོད་ཀྱིས་བགྲེས་མོ་འདི་ངའི་བཟའ་ཟླ་ཡིན་པར་བལྟོས་ནས། སྤྲེལ་ལད་ཀྱི་སྐད་ཆ་མིན་ན་ཡག་པོ་འདུག ཁྱོད་ཀྱིས་གཞུང་ཆེན་མོ་ནས། མ་ནི་ཐམས་ཅད་ལས་ལྷག་པའི་ཚིག་དོན་མང་པོ་ཞིག་ཡོད་པ་དེ་དག་ཤོད་གྲབས་འདུག་གཱ་ཞེས་གསུངས།

    བགྲེས་མོའི་ཐུཌ་ནས་བྱུང་བའི་དགོངས་འཆར་དེ། །

    བཤེས་གཉེན་བགྲེས་པོར་ནང་ཚཌ་འདྲ་གྱུར་ཡང་། །

    དེས་ནི་སླར་ཡང་འཇིག་རྟེན་འདི་ག་རུ། །

    འཚོ་བའི་དོན་དམ་ནན་བཤད་བགྱིས་པར་གྱུར། །

    ལྗང་འདབ་བསྐྱུར་བཞིན་པའི་སྐྱེད་མོས་ཚལ་དུ་ལུས་སྦྱོང་དང་འབྲེལ་བའི་འཆམ་འཆམ་བྱེད་རིང་། སྔོན་གྱི་དགེ་བའི་བཤེས་གཉེན་མཆོག་འཕྲད་དེ་ཚུར་ལ་གསུངས་པའི་བཀའ་སློབ་ཡིད་ལ་འཇོག་གིན་དུ། ཕར་ལའང་ལན་རེ་གཉིས་ཞུ་རིང་གི་དུས་ཚོད་དེ་ཅི་འདྲའི་རིན་ཐང་ཅན་ཞིག་མ་ཡིན་ནམ། བདག་གིས་དགེ་རྒན་བགྲེས་སོང་དང་ཞལ་བྲལ་མི་འདོད་པ་ལྟར་ལུས་པའི་སྐབས། གློ་བུར་དུ་བཤེས་གཉེན་བགྲེས་སོང་ན་རེ། ད་སོང་ཞིག རྒན་པོ་ང་ལ་ཁྱིམ་དུ་ངལ་གསོ་རྒྱུ་ལས་བྱ་བ་གཞན་བསྒྲུབ་དགོས་མེད་ཀྱང་། ཁྱོད་ལྟ་བུ་སྤྱི་ཚོགས་ལས་རིགས་ཀྱི་ཀ་བ་ལྟ་བུ་ཞིག་སྐད་ཆ་མང་བའི་མི་རྒན་ངས་མགོ་སྐོར་ནས་བསྡད་ན། སྡིག་ཉེས་གསོག་པ་མ་རེད་པས་ཞེས་ཀུ་རེའི་བཀའ་མོལ་འགའ་གསུངས་ཏེ། སྔར་བཞིན་འཁར་བའི་གཡས་སྐྱོར་དང་སྐུ་ཟླའི་གཡོན་སྐྱོར་ལ་བརྟེན་ནས་མདུན་ཕྱོགས་སུ་ཕེབས་སོང་།

    ཞབས་ཟུང་ཐང་ཐེང་གིས་སྣམ་བུ་དཀར་པོ་ཀྱག་ཀྱོག་ཏུ་བཏིང་པ་ལྟ་བུའི་སྐྱེད་མོས་ཚལ་གྱི་ལམ་བུ་གཅོད་པར་ཅུང་ཟད་ངལ་བའི་སྣང་བ་ཡོད་ཀྱང་། ཐུགས་བག་ཤིན་ཏུ་ཡངས་པའི་བཤེས་གཉེན་བགྲེས་སོང་གི་སྐུ་རྒྱབ་ནས་ལྟ་བཞིན་དུ། སེམས་ནང་ཤེས་བྱ་ཡོན་ཏན་གྱིས་ཐུགས་ཀྱི་མཚོ་ཆེན་ཡོངས་སུ་བཀང་བའི་བགྲེས་སོང་ཁོང་ལྟ་བུས། སྤྱོད་ཡོན་གཉིས་ལྡན་གྱི་བུ་སློབ་དུ་མ་བསྐྱངས་ཡོད་པས། ཁོང་ནི་གངས་ལྗོངས་ས་མཐོ་འདིར། སྲོག་ལུས་ལྡན་པའི་རིན་ཆེན་ནོར་བུ་ཁྱུ་གཅིག་སྐྱེས་སུ་འབུལ་མཁན་ཞིག་རང་ངོ་། 

    དམངས་ཁྲོད་དུ་མངོན་སུམ་མིག་གི་སྤྱོད་ཡུལ་དུ་གྱུར་པའི་བླ་མ་སྐྱེས་ཆེན་གྱི་ཞབས་རྗེས་དང་ཕྱག་རྗེས་སུ་ཁས་འཆེས་པ་དེ་དག་ལ་སྐྱེ་བོ་མང་པོས་དད་པའི་ཤུགས་དྲག་གིས་ཞབས་རྗེས་དངོས་ལ་ངོས་འཛིན། འདམ་གྱི་སྟེང་དུ་གཟུགས་དབྱིབས་གསལ་རྗེན་བརྐོས་པ་དང་གཉིས་སུ་མེད་པ་དེ་དང་དེ་ཚོ། ཡང་སྙིང་ཞབས་རྗེས་དངོས་ཡིན་དང་ཕྱག་སོར་མཁས་པས་བརྐོས་པ་ཡིན་དེས་བདག་གིས་སེམས་ལའང་སྔར་བཞིན་དོགས་གཞི་བསླངས། དོགས་གཞིའི་སྐོར་གླེང་བའི་ཚེ། གམ་གྱི་དད་ལྡན་པས་བདག་ལ་སྣ་གཉེར་བསྟན་ནས། ལོག་ལྟ་བ་ཞིག་རེད་ཅེས་དམའ་འབེབས་པར་གདོན་མི་ཟ། བྱ་དངོས་ལ་རང་རང་གི་ལྟ་ཚུལ་རེ་ཡོད་པར་ལོག་པར་ལྟ་བའི་ངོས་འཛིན་བྱེད་ག་ནས་རུང་། ད་ནི་དེའི་སྐོར་མི་སྨྲ། འོན་ཏེ་བཤེས་གཉེན་ཁོང་ལྟ་བུར་བྲག་གོང་ཐོག་གི་ངོ་མ་ཡིན་མིན་སོམ་ཉི་སློང་བའི་ཞབས་རྗེས་དེ་འདྲ་མེད་ཀྱང་། རྡོ་ཐོག་གི་ཞབས་རྗེས་དང་ཕྱག་རྗེས་ལས་ལྷག་པའི་བུ་སློབ་མང་པོ་ཞིག་ཡོད་པ་དེ་དག་ནི། རྒས་ཤིང་འཁོགས་པར་མ་གྱུར་བར་གྱི་ལོ་ཟླའི་ཤུལ་ལམ་ཆེས་རིང་བའི་ཐོག་གི་སུས་ཀྱང་བསྙོན་མི་ཐུབ་པའི་ཞབས་རྗེས་རིན་ཐང་བྲལ་བ་ཞིག་རེད་ཨང་སྙམ།

    བགྲོད་ལམ་གོམ་སྟབས་དལ་བུས་གཅོད་པ་ཡི། །

    བགྲེས་སོང་ཀུན་ལ་སྣང་ཆུང་བགྱིད་མ་འཚལ། །

    རྒྱུ་ལུས་ལོ་ནའི་ཁྲེས་པོས་རྒུད་གྱུར་ཀྱང་། །

    ཐུགས་རྒྱ་མཁའ་ལྟར་ཡངས་པ་ཤིན་ཏུ་མང་། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།