[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཤིས་ཚིག་ལྷ་རེག་དཀར་པོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལྷ་ལུང་པད་མ་ཆོས་གྲགས།    |    སྤེལ་དུས།   2019-12-01

    ཀ་བ་བཞིན་དུ་འཛམ་གླིང་ས་ཡི་གོ་ལའི་ཤར་དུ་འགྱིང་ངེར་གནས། །

    ཁ་ཞེ་གཉིས་མེད་ང་དྲུག་མི་རིགས་མཐུན་སྒྲིལ་ལག་གདང་གཅིག་དུ་སྦྲེལ། །

    ག་ནས་བལྟས་ཀྱང་སྔོན་ཐོན་མཚན་སྙན་མེ་ལྕེ་བཞིན་དུ་རབ་འབར་བས། །

    ང་ཡིས་མེས་རྒྱལ་ལོ་ངོ་བདུན་ཅུའི་འཁྲུངས་སྐར་ཉིན་མོར་མཇལ་དར་བསྒྲོན། །

    ཅ་དངོས་ཆེ་ཆུང་གྲངས་ཀྱིས་མི་ཟིན་ཀྲུང་གོའི་མིང་རྟགས་ཤིན་ཏུ་མང་། །

    ཆ་འཇོག་རྒྱལ་ཁབ་ཀུན་གྱིས་གནང་བའི་རླབས་ཆེན་ཀྲུང་ཧྭ་མི་རིགས་འདི། །

    ཇ་ཆང་ལོངས་སྤྱོད་གནས་ལ་མ་གཡེང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད། །

    ཉ་ཆུ་ལྟ་བུའི་ཏང་དང་མང་ཚོགས་འབད་འབུངས་ཡར་བརྩོན་ལས་ལ་བྲེལ། །

    ཏ་ལའི་འདབ་ལྟར་ཤིན་ཏུ་ཡངས་བའི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་། །

    ཐ་ཤལ་མི་ངན་འགའ་རེས་སྤེལ་བའི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ཀུན། །

    ད་ཆ་རྒྱལ་ཁྲིམས་གསེར་གྱི་དབྱུག་པས་གཅིག་ཀྱང་ཐར་པར་མ་བཏང་བས། །

    ན་ཚ་མེད་པའི་ལུས་པོ་བཞིན་དུ་ཐམས་ཅད་ཞི་བདེའི་དཔལ་ལ་རོལ། །

    པ་ཊ་ལྟ་བུའི་མཁའ་ལམ་གཞུང་ལམ་ལྕགས་ལམ་མང་པོས་གནམ་ས་སྦྲེལ། །

    ཕ་ལམ་ལྟ་བུའི་ཀྲུང་ཧྭ་རིག་གནས་མ་ཉམས་སླར་གསོ་ལེགས་པར་ཐུབ། །

    བ་མོས་བེའུ་ཕྲུག་སྐྱོང་བ་བཞིན་དུ་ཏང་གིས་དམངས་རྣམས་བྱམས་ཀྱིས་བསྐྱངས། །

    མ་ཡུམ་མེས་རྒྱལ་མངའ་ཐང་རྒྱས་ཤིང་དམངས་རྣམས་བརྟན་ལྷིང་འཚོ་བར་རོལ། །

    རྩ་བ་གཅིག་ལས་ཉེ་བར་སྐྱེས་པའི་ཀྲུང་ཧྭ་ང་དྲུག་མི་རིགས་རྣམས། །

    ཚ་གྲང་དཀའ་སྡུག་ཅི་ཞིག་འཕྲད་རུང་གཅིག་ཕན་གཅིག་རོགས་བྱེད་པ་དང་། །

    ཛ་དྲག་དུས་བབ་གང་ཞིག་ཐོན་ཡང་ཐོག་མའི་བསམ་འདུན་མ་བརྗེད་པར། །

    ཝ་ལེར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་དམིགས་པ་ལྷོད་མི་སྲིད། །

    ཞྭ་གོས་གཟབ་མཆོར་ལེགས་པར་སྤུད་ནས་དེ་རིང་ཁྱེད་ཀྱི་འཁྲུངས་སྐར་བསུ། །

    ཟ་བཏུང་ལོངས་སྤྱོད་ཅི་དགར་བཤམས་ནས་དེ་རིང་ཁྱེད་ཀྱི་འཁྲུངས་སྐར་བསུ། །

    འ་ཆད་འུ་ཐུག་ཅི་འདྲ་བྱུང་ཡང་ཁྱེད་དང་མཉམ་དུ་དཔུང་གདང་སྦྲེལ། །

    ཡ་རབས་ཀྲུང་ཧྭ་འཛིན་མའི་ཁྱོན་དུ་ཞི་མཐུན་མཉམ་གནས་དཔལ་ལ་རོལ། །

    ར་བ་གངས་རིས་ཡོངས་སུ་བསྐོར་བའི་ཕ་ཡུལ་གངས་ལྗོངས་ས་མཐོ་ནས། །

    ལ་ཀླུང་ཡངས་ཤིང་མངའ་ཐང་རྒྱས་པའི་མེས་རྒྱལ་ཁྱིམ་ཚང་ཆེ་མོ་འདི། །

    ཤ་མོ་སྤང་ལ་བརྡོལ་བ་བཞིན་དུ་ཆབ་དཔལ་རིག་གསུམ་ཆེར་དར་ནས། །

    ས་ཡི་གོ་ལར་དབུ་འཕང་མཐོ་བའི་བཀྲ་ཤིས་རྟེན་འབྲེལ་ཁ་གཡང་སྒྲོག །

    ཧ་ཅང་སྙན་པའི་རྒྱན་གྱིས་དབུལ་བའི་ཞིང་པ་ང་ཡི་ཀ་ཕྲེང་འདི། །

    ཧ་ལས་ཧང་སངས་ཀུན་གྱིས་བསྟོད་པའི་གྲགས་ཅན་རྩོམ་ལ་མི་འགྱུར་ཡང་། །

    ཨ་མ་བཞིན་གྱི་བཀའ་དྲིན་ཟབ་པའི་མེས་རྒྱལ་འཁྲུངས་སྐར་ཉིན་མོ་ལ། །

    ཨ་མའི་པང་དུ་བདེ་ཞིང་འཚར་བའི་བུ་ངས་དྲིན་གཟོའི་ཚུལ་དུ་ཕུལ། །

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།